འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་རལ་གྱི་ཚན་རིག་མཁས་ཅན་གྱིས་དབྱི་ཀྲུང་ཚན་རྩལ་གསར་གཏོད་མཉམ་ལས་ལ་མདུན་ལམ་
    ཧ་ཅང་ཡག་པོ་ལྡན་པའི་ངོས་འཛིན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཅེ་རུས་ས་ལེམ་དུ་དབྱི་སི་རལ་གྱི་པུའུ་ཀྲང་རིམ་པའི་ཚན་རིག་གི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་བཞིན་པའི་དབྱི་སི་རལ་གྱི་ཚན་རིག་མཁས་ཅན་གྱིས་ཚེས་30ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཚང་མས་ཀྲུང་གོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་དང་ཁོང་ཚོས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཧ་ཅང་ཡག་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
          དབྱི་སི་རལ་ཚན་རིག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ སྣ་ཚོགས་རིག་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཟུར་པ་རིམས་འགོག་རིག་པའི་དགེ་རྒན་ཆེ་མོ་བ་ལུའུ་སེ·ཨའར་ནུང་གིས་གསར་འགོད་པར་ང་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་མྱུར་ཚད་ལ་ཧང་སངས་བྱུང་། དཔེར་ན། དཔྱད་རྩོམ་སྤེལ་བའི་གྲངས་འབོར་དང་སྤུས་ཚད་ཐད་ཀྲུང་གོས་ལས་དོན་ཧ་ཅང་ཡག་པོ་བསྒྲུབས་འདུག ཀྲུང་གོས་ཁ་ཕྱོགས་དེར་དམིགས་ནས་གྲུབ་འབྲས་དེ་ལས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད། དེ་རྗེས་ཁོང་གིས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་འབྱུང་འགྱུར་མཉམ་ལས་གོ་སྐབས་སྔར་ལས་མང་བ་དང་སྔར་ལས་ལེགས་པ་ཡོང་ངེས་རེད་ཅེས་བརྗོད།
           དབྱི་སི་རལ་ཚན་རྩལ་པུའི་ཡི་དབུ་ཞུགས་ཚན་རིག་མཁས་ཅན་ཡཱ་ལི་ཧྲན་ཏ·པུའུ་ལའེ་ཡིས་ཀྲུང་གོས་ཚན་རྩལ་ཁྱབ་ཁོངས་ཐད་ལག་ལེན་བསྟར་བའི་སྲིད་ཇུས་ཚང་མ་འབྱུང་འགྱུར་ལ་ཕྱོགས་པ་ཤ་སྟག་ཡིན་པས། ཚན་རྩལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུ་རེད་ཅེས་བརྗོད་པ་དང་ཁོང་གིས་ཀྲུང་གོ་ནི་དབྱི་སི་རལ་གྱི་ཚན་རིག་ཁྱབ་ཁོངས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་ཚན་རིག་མཁས་ཅན་དབར་གྱི་མཉམ་ལས་ནི“རྩེར་སོན”ཡིན། ངས་མཉམ་ལས་དེ་རིགས་མུ་མཐུད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
          ད་བར་ཀྲུང་གོ་དང་དབྱི་སི་རལ་གྱིས་ཚན་རྩལ་ཁྱབ་ཁོངས་ནང་མཉམ་ལས་མང་པོ་བྱས་ཡོད། མཉམ་ལས་ཞིབ་འཇུག་རྣམ་གྲངས་ཁག་གཅིག་ཕུད་དབྱི་སི་རལ་གྱི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་སོགས་དབྱི་སི་རལ་གྱི་གྲགས་ཅན་མཐོ་སློབ་མང་པོ་ཞིག་གིས་ཀྲུང་གོའི་མཐོ་སློབ་དང་མཉམ་ལས་བྱས་ཏེ་ཞིབ་འཇུག་ལྟེ་གནས་བཙུགས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་དབྱི་སི་རལ་གྱིས་རྒྱལ་སྤྱིའི་ཚོགས་འདུ་དེ་རིགས་འཚོགས་ཐེངས་དང་པོ་ཡིན་པ་དང་། རྒྱ་གར་དང་། དབྱིན་ཇི། ཨ་ཀེན་ཐིན་སོགས་རྒྱལ་ཁབ་25ཡི་པུའུ་ཀྲང་རིམ་པའི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།