འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཟླ་5པའི་ཀྲུང་གོའི་མི་བཟང་གི་
    མཚན་བྱང་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
             མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཧྲའན་ཤིས་ཡན་ཨན་དུ་ཟླ་5པའི་ཀྲུང་གོའི་མི་བཟང་གི་མཚན་བྱང་ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་གཉེར་བ་རེད། ཟླ་བ་འདིར་དྲ་ཐོག་ཏུ“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་འདེམས་བྱེད”ཅེས་པའི་བྱེད་སྒོར་ཁྱོན་བསྡོམས་མི་བཟང་བྱ་བཟང་སྐོར་ཁྲི་238ལྷག་ཙམ་འབྱོར་བ་དང་། དྲ་ངོས་ལ་ལྟ་མཁན་མི་ཐེངས་ཁྲི་4037ལྷག་ཙམ་ཟིན་པ། མོས་རྡེབ་དང་དཔྱད་བརྗོད་བྱེད་མཁན་ཁྲི་876ལྷག་ཙམ་ཟིན་ཡོད་པ་རེད། རྒྱ་ཆེའི་དྲ་གྲོགས་ཀྱིས་འོས་སྦྱོར་དཔྱད་འདེམས་བྱས་པ་བརྒྱུད། སྒེར་སེམས་མེད་པར་དབང་པོ་ཆ་ཚང་སྐྱེས་སུ་འབུལ་མཁན་ཨན་ཧུའེ་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཁྲེང་ཅ་ཝུའེ་དང་། མེ་སྐྱོན་ཐོན་ཡུལ་ནས་འཐབ་གྲོགས་སྐྱོབ་ཆེད་སྟབས་མ་ལེགས་པར་སྐུ་གཤེགས་པའི་མེ་ཟོན་འཐབ་འཛིང་པ་ཤེ་ཡུང་། འགྲུལ་པས་ལུས་པའི་དངུལ་སྨར་སྒོར་ཁྲི་50འཕྲལ་མར་བདག་པོར་སྤྲོད་མཁན“བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་བཟང་པོ”ཀྲང་ཧྲོང་ཆའོ། མིག་ཤེད་ཉམས་ནས་ཕ་མས་བསྐྱུར་བའི་ཕྲུ་གུར་ལོ་31རིང་ཉིན་གཅིག་ལྟར་ལྟ་རྟོག་བྱེད་མཁན་ཏང་ཡོན་རྒན་གྲས་ཀྲང་པའོ་ཀྲུའུ་སོགས་ཉེ་འགྲམ་གྱི་མི་བཟང་109གཟི་བརྗིད་ལྡན་པའི་ངང་མཚན་བྱང་ཐོག་འཁོད་ཡོད་པ་རེད།
             ཉིན་དེར། དྲ་ཐོག་ཏུ“ཀྲུང་གོའི་མི་བཟང་ཁང”ཞེས་པ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། “ཀྲུང་གོའི་མི་བཟང་ཁང”ཞེས་པ་ནི་ཀྲུང་གོ་ཤེས་དཔལ་དྲ་བས་གཙོ་གཉེར་བྱས་པ་དང་། མི་དམངས་དྲ་བས་གཉེར་རོགས་བྱས་པའི་ནང་གླེང་གཞི་དང་། དྲ་ངོས་གཙོ་བོ། ཞར་བྱུང་བཅས་ཁག་གསུམ་ལ་དབྱེ་ཡོད། དེར་པར་རིས་དང་། སྒྲ་བརྙན། འགུལ་རིས། རོལ་རྩེད་སོགས་ཀྱི་བྱ་ཐབས་ཐོག་ནས་དེང་རབས་ཀྱི་ལུའེ་ཧྥུང་དང་། དུས་རབས་ཀྱི་མིག་དཔེ། ཀུན་སྤྱོད་དཔེ་བཟང་བ། མི་སྣ་ཡག་ཤོས། ཀྲུང་གོའི་མི་བཟང་བཅས་ཀྱི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ་སྤྱི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཀྲུང་གོ་ཤེས་དཔལ་དྲ་བར་གཞོགས་འདེགས་ངང་སྤེལ་བའི“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དཔྱད་འདེམས་བྱེད”ཅེས་པའི་བྱེད་སྒོ་དེ་ནི་2008ལོའི་ཟླ་5པར་སྤེལ་འགོ་ཚུགས་པ་ནས་ད་བར་ལོ་10ཏག་ཏག་སོང་ཡོད། ལོ་བཅུ་ཡི་རིང་དྲ་དམངས་ཀྱིས་འོས་སྦྱོར་བྱས་པའི་ཉེ་འགྲམ་གྱི་མི་བཟང་བྱ་བཟང་སྐོར་ཁྲི་4492ལྷག་ཙམ་འབྱོར་བ་དང་། ཀྲུང་གོ་ཤེས་དཔལ་དྲ་བས་ཉེ་འགྲམ་གྱི་མི་བཟང་63204ཡི་སྔོན་ཐོན་བྱས་རྗེས་གཅིག་སྡུད་ཐོག་འགྲེམས་སྟོན་དང་དྲིལ་བསྒྲགས་བྱས་པ། དྲ་གྲོགས་ཀྱིས་གཞན་ཕན་བསྒྲུབ་རྒྱུར་དགའ་བ་དང་། བདེན་པའི་རྒྱབ་ལངས། ཟོལ་མེད་དྲང་གཞག ལས་བརྩོན་སྐྱེས་འབུལ། རྒན་བཀུར་གཉེན་བརྩེ་བཅས་ཀྱི་ཀྲུང་གོའི་མི་བཟང་ཁྱོན་བསྡོམས་11681དཔྱད་འདེམས་འོས་སྦྱོར་བྱས་པ། ས་གནས་ཁག་ཏུ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་ཐེངས་169སྤེལ་བ་བཅས་རེད།
             བྱེད་སྒོ་སྤེལ་ཡུལ་དུ། སུན་ཏུང་ལིན་དང་། ཀྲོའུ་ཧྥུའུ་ཏེ། ཀོན་ཏུང་། ཞུས་ནུའོ་སོགས་དེ་སྔའི་ཀྲུང་གོའི་མི་བཟང་གི་འཐུས་མི་ཞུགས་ཤིང་། དེང་སྐབས་ཀྱི་ལུའེ་ཧྥུང་ཞེས་སུ་གྲགས་པའི་དྲག་ཆས་ཉེན་རྟོག་ཤིན་ཅང་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་ཀྲོང་ཧྲི་ཧྭ་ཡིས“ཀྲུང་གོའི་མི་བཟང་ཕྱི་ནས་བལྟས་ན་དཀྱུས་མ་དང་ཕལ་པ་ཞིག་ཏུ་སྣང་ཡང་དོན་དངོས་ཐོག་བླ་ན་མེད་པ་དང་རླབས་ཆེ་བ་ཞིག་རེད། དེ་ནི་སེམས་གཏིང་གི་ཀུན་སྤྱོད་མཚོན་ཚུལ་ཞིག་ཡིན་པ་ཙམ་མ་ཟད་ཚེ་གང་བྱ་སྤྱོད་ཀྱི་རང་འགུལ་ཞིག་ཀྱང་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།