འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་
    དོ་དམ་བྱ་ཐབས་》བརྒྱུད་སྐུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁབ་ཁང་གཞུང་དོན་ཐིང་གིས་ནོར་སྲིད་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱི་《དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་དོ་དམ་བྱ་ཐབས་》(གཤམ་དུ་《བྱ་ཐབས་》ཞེས་བསྡུ་རྒྱུ)བརྒྱུད་སྐུར་བྱས་པ་དང་། 《བྱ་ཐབས་》དེ་པར་འགྲེམས་བྱས་པའི་ཉིན་མོ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
          ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》དང་2017ལོའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ། ནོར་སྲིད་ཀྱི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། མ་དངུལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། མ་དངུལ་བདེ་སྤྱོད་ཀྱི་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱ་ཆེད། 《བྱ་ཐབས་》ནང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་དོ་དམ་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།
          《བྱ་ཐབས་》ནང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ནི་རིམ་ཁག་སྲིད་གཞུང་དང་དེ་བཞིན་སྡེ་ཚན་ཁག་གིས་དུས་བཀག་ལྟར་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས(མི་སྒེར་དང་ཁྱིམ་ཚང་གི་ཁ་གསབ་རྣམ་གྲངས་ཚུད་པ)ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་མ་དངུལ་སྣ་ཚོགས་ལ་ཟེར། དེའི་ནང་ཚང་མའམ་ཡང་ན་ཆ་ཤས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། ཉེན་ཁང་སྒྱུར་བཀོད། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། གཞི་རྩའི་སྨན་བཅོས། སྤྱི་ཚོགས་རོགས་སྐྱོབ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་འོད་ཤུགས་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར། རིག་གནས་དབུལ་སྐྱོར་སོགས་རྣམ་གྲངས་ཀྱི་མ་དངུལ་ཚུད་ཡོད། དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་དོ་དམ་གྱིས་དམིགས་ཚད་ཕྱོགས་སྟོན་དང་། ཕན་འབྲས་ལ་དོ་སྣང་། གཅིག་གྱུར་བཀོད་སྒྲིག ལས་བགོས་འགན་འཁུར། བརྒྱུད་རིམ་ཧྲིལ་པོར་རྗེས་འདེད། གསར་གཏོད་དོ་དམ། འགན་འཁྲི་ཁུར་བ། ཁུར་པོ་ཡང་དུ་གཏོང་བ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
          《བྱ་ཐབས་》ནང་གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འགན་འཁྲི་གཞིར་བཟུང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྔོན་རྩིས་ཀྱི་སྒྲིག་བཟོ་དང་། ལག་བསྟར། ངེས་རྩིས་བཅས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོའི་ལས་རྗེས་དོ་དམ་བྱེད་དགོས་པ་སྟེ། གཅིག་ནི་འབྲེལ་ཡོད་སྡེ་ཚན་དང་མ་དངུལ་བེད་སྤྱོད་ཚན་པས་ལོ་འཁོར་གྱི་སྡེ་ཚན་སྔོན་རྩིས་དང་ཚན་པའི་སྔོན་རྩིས་སྒྲིག་བཟོ་བྱེད་སྐབས་ཚན་རིག་དང་མཐུན་པའི་ངང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་དགོས་མཁོ་ཚོད་རྩིས་བྱས་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་དམིགས་ཚད་བཟོ་དགོས། བླང་བྱ་ལྟར་ལས་རྗེས་དམིགས་ཚད་རྣམ་གྲངས་བཟོས་མེད་ན་རྩ་དོན་ཐོག་ནས་དབུལ་སྐྱོར་རྣམ་གྲངས་མཛོད་ནང་འཇུག་མི་ཆོག་པ་དང་འབྲེལ་ཡོད་སྔོན་རྩིས་རེ་ཞུ་བྱ་མི་ཆོག ནོར་སྲིད་སྡེ་ཚན་གྱིས་དབུལ་སྐྱོར་རྣམ་གྲངས་ཀྱི་ལས་རྗེས་དམིགས་ཚད་ཞིབ་བཤེར་གཏན་འབེབས་བྱེད་དགོས་པ་དང་ཆབས་ཅིག ལས་རྗེས་དམིགས་ཚད་སྔོན་རྩིས་དང་མཉམ་དུ་མཆན་འགོད་བཀའ་ལན་བྱེད་དགོས་པ་དང་། གཉིས་ནི་སྔོན་རྩིས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་སྡེ་ཚན་གྱིས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་དམིགས་ཚད་ལག་བསྟར་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་འཛུགས་དགོས་པ་དང་མ་དངུལ་བེད་སྤྱོད་ཚན་པར་དུས་བཀག་ཐོག་སྔོན་རྩིས་དང་ལས་རྗེས་དམིགས་ཚད་ལག་བསྟར་གནས་ཚུལ་ལ་རྗེས་འདེད་དབྱེ་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། ཆ་འཕྲིན་ཅན་གྱི་བྱ་ཐབས་བེད་སྤྱོད་འདང་ངེས་བྱས་ཏེ། ལས་རྗེས་དམིགས་ཚད་ལག་བསྟར་ལ་ལྟ་སྐུལ་ཚོད་འཛིན་བྱེད་དགོས་པ། གསུམ་ནི་སྔོན་རྩིས་ལག་བསྟར་མཇུག་འགྲིལ་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་བེད་སྤྱོད་ཚན་པར་ལས་རྗེས་རང་དཔྱད་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། རིམ་ཁག་ནོར་སྲིད་དང་དབུལ་སྐྱོར་སྡེ་ཚན་ཁག་གིས་དགོས་མཁོ་དང་བསྟུན་ནས་གཙོ་གནད་རྣམ་གྲངས་ལ་ལས་རྗེས་གདེང་འཇོག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
          《བྱ་ཐབས་》ནང་ལས་རྗེས་རང་དཔྱད་བྱས་འབྲས་དང་འཐེན་བཤེར་བྱས་འབྲས་དེ་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་དོ་དམ་ལེགས་གཏོང་དང་། ནོར་སྲིད་འགྲོ་གྲོན་གྱི་ཁ་ཕྱོགས་ལེགས་སྒྲིག སླད་ཕྱིན་གྱི་ལོ་འཁོར་སྔོན་རྩིས་བཀོད་སྒྲིག་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས། རིམ་ཁག་ནོར་སྲིད་དང་དབུལ་སྐྱོར་སྡེ་ཚན་གྱི་ལས་རྗེས་གདེང་འཇོག་བྱས་འབྲས་དེ་སླད་ཕྱིན་གྱི་ལོ་འཁོར་ནོར་སྲིད་མ་དངུལ་བགོ་བཤའ་རྒྱག་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས། ལས་རྗེས་དམིགས་ཚད་དང་། ལས་རྗེས་རང་དཔྱད། ལས་རྗེས་གདེང་འཇོག་བཅས་བྱས་འབྲས་སོགས་ལས་རྗེས་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་དགོས་པ་བཏོན་ཡོད་པ་རེད།
          《བྱ་ཐབས་》ནང་ད་དུང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་གྱི་ལས་རྗེས་དོ་དམ་ལས་དོན་གནས་ཚུལ་ཞིབ་བཤེར་གཏན་འབེབས་དང་དེ་བཞིན་ལས་རྗེས་དོ་དམ་བྱེད་རིང་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱེད་སྤྱོད་ཐག་གཅོད་བྱེད་སྟངས་ལ་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།