འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམ་པ་
    མཐོ་ཤོས་ཀྱི་ཁས་ལེན་ཐོབ་ནས་དར་ཆ་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་རུ་ཀྲུང་གོ་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(སི་ཁྲོན)ལ་ཁས་ལེན་ཐོབ་ནས་དར་ཆ་སྤྲོད་པའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་པ་རེད། འདི་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲལ་སྡོམ་སྨན་བཅོས་རྣམ་གྲངས་ཀྱི་རིམ་པ་མཐོ་ཤོས་ཀྱི་ཁས་ལེན་ཐོབ་པའི་ཀྲུང་གོའི་རུ་ཁག་དང་པོ་དེ་ཡིན་ལ་ཀྲུང་གོ་འདི་ཉིད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ་རེད།
           ཀྲུང་གོ་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(སི་ཁྲོན)གིས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་སྐྲུན་འགན་འཁུར་བའི་རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་སྤོ་བདེའི་བཀོད་སྒྲིག་ལྟེ་གནས་ཀྱིས་སྒྲིག་གཞི་གཙོ་བོ་བྱས་པ་དང་དེའི་ནང་རུ་མི་གཙོ་གྲས་166ཡོད་པ་དང་དེ་དག་ཚང་མ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པ། སི་ཁྲོན་སློབ་ཆེན་ཧྭ་ཤིས་ཁ་སྦུག་སྨན་ཁང་། སི་ཁྲོན་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས། ཁྲེང་ཏུའུ་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་སོགས་ནས་ཡིན། དེའི་ཁྲོད་སྨན་པ་41དང་། སྨན་གཡོག་65 རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་སོགས་མི་གཞན་60ཡོད་པ་རེད།
          སྨན་བཅོས་རུ་ཁག་དེས་སྔ་རྗེས་སུ་དབུན་ཁྲོན་གྱི་ས་ཡོམ་ཆེན་པོ་དང་། ཡུལ་ཤུལ་ས་ཡོམ། དབྱི་ལེའང་ས་ཡོམ། ལུའུ་ཧྲན་ས་ཡོམ། མའོ་རྫོང་གི་འདམ་རྡོའི་ཆུ་རུད། ཁུན་ཧྲན་གྱི་འབར་གས་ཚབས་ཆེན་གྱི་དོན་རྐྱེན། མའོ་རྫོང་གི་རི་ཉིལ་བའི་དོན་རྐྱེན་སོགས་གནོད་འཚེའི་དོན་རྐྱེན་ཐོན་ཁུལ་གྱི་སྨན་བཅོས་རོགས་སྐྱོབ་ལས་དོན་ནང་ཞུགས་མྱོང་ལ་ནེ་པ་ལའི་ས་ཡོམ་གྱི་ཛ་དྲག་སྨན་བཅོས་རོགས་སྐྱོབ་ལས་དོན་ནང་དུའང་ཞུགས་མྱོང་བས་དངོས་འཐབ་ཀྱི་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།
          འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ལ་རིགས་གསུམ་དབྱེ་བ་སྟེ། རིགས་དང་པོ་ནི་སྨན་ཁང་ཕྱིའི་རོགས་སྐྱོབ་དང་འཐབ་ས་མདུན་མའི་རུ་ཁག་དང་། རིགས་གཉིས་པ་ནི་སྨན་ཁང་དུ་ཉར་ནས་དོས་དྲག་ནད་རིགས་རོགས་སྐྱོབ་བྱེད་མཁན་རུ་ཁག རིགས་གསུམ་པ་ནི་སྤྱིར་བཏང་སྨན་ཁང་ནང་དང་དེ་བཞིན་ནད་རྟགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་རུ་ཁག་བཅས་ཡིན། མིག་སྔར་རིགས་གསུམ་པ་ནི་རིམ་པ་མཐོ་ཤོས་ཀྱི་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ཡིན་པ་རེད།
           མིག་སྔར་ཀྲུང་གོ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་མང་ཤོས་ལྡན་པའི་རྒྱལ་ཁབ་ཡིན་ཞིང་། སྨན་བཅོས་རུ་ཁག་15ཡི་ནང་3ནི་ཀྲུང་གོ་ནས་ཡིན། དེ་གོང་ཀྲུང་གོ་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(ཧྲང་ཧའེ)དང་ཀྲུང་གོ་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(ཀོང་ཏུང)ལའང་འབྲེལ་ཡོད་ཀྱི་ཁས་ལེན་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།