འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།གཙོད་ཕྲུག་འཁོར་བའི་གཙོད་མོ་ཁག་དང་པོ་ཁུ་ཁུ་ཤི་རིར་གནས་སྤོ་བྱེད་བཞིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོ་དང་བོད་བྱང་ཐང་སོགས་ཀྱི་གཙོད་ཕྲུག་འཁོར་བའི་གཙོད་མོ་ཁག་དང་པོ་ཉེ་ཆར་མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་སོགས་བརྒྱུད་དེ“ཁུ་ཁུ་ཤི་རིའི་བཙའ་ཁང་ཆེན་མོ”ཞེས་གྲགས་པའི་རྩོ་ནག་མཚོའི་འགྲམ་དུ་སྐྱོད་བཞིན་ཡོད་པ་རེད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་ཁུལ་ཁུ་ཁུ་ཤི་རི་དོ་དམ་ཁྲུའི་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་བསམ་འགྲུབ་ཀྱིས། ཚེས་3ཉིན་གྱི་ཆུ་ཚོད་18དང་སྐར་མ་30ཐོག་གཙོད་ཕྲུག་འཁོར་བའི་གཙོད་མོ་50མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་2997མཚམས་ནས་སྒྲོལ་བ་དང་། དེའི་ཐོག་ནས་འདི་ལོའི་གཙོད་ཕྲུག་འཁོར་བའི་གཙོད་མོ་ཁག་དང་པོ་ཁུ་ཁུ་ཤི་རིར་སླེབས་པ་མཚོན་ཞིང་། སླེབས་པའི་དུས་ཚོད་ཧ་ལམ་ན་ནིང་དང་འདྲ་པོ་རེད་ཅེས་ངོ་སྤྲོད་བྱས།
         ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་དབང་དགའ་མགོན་པོས། ཚེས་11ཉིན་ནས། ད་བར་ཏུ། སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཉེ་འཁོར་དུ་རྩོ་ནག་མཚོ་མོའི་ཁར་གནས་སྤོ་བྱེད་པའི་གཙོད་མང་པོ་མཐོང་ཐུབ། ཚེས་16ཉིན་གཙོད་148མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་2997མཚམས་བརྒྱུད་དེ་གནས་སྤོ་བྱེད་པ་མཐོང་བྱུང་ཞེས་བཤད་པ་རེད།
        དབང་དགའ་མགོན་པོས་གསར་འགོད་པར། མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་2997དང་2998མཚམས་ནི་གཙོད་ཕྲུག་འཁོར་བའི་གཙོད་མོ་འགྲོ་སའི་གནས་སྤོའི་ལམ་བུ་ལམ་གཙོ་བོ་གཉིས་རེད། ལོ་རེར་གཙོད་ཁྱུ་ཁྲོད་ཀྱི་གཙོད་མོ་80%དེ་ནས་བརྒྱུད་དེ་འགྲོ་གི་འདུག་ཅེས་བཤད།
         རྩོ་ནག་མཚོ་ནི་གཙོད་ཕྲུག་སྐྱེས་ས་གཙོ་བོ་ཞིག་ཡིན་པས“ཁུ་ཁུ་ཤི་རིའི་བཙའ་ཁང་ཆེན་མོ”ཞེས་གྲགས་པ་དང་། ལོ་རེའི་ཟླ་ལྔ་པར་གཙོད་མོ་ཁྱུ་དང་ཁྱུ་བྱས་ནས་རྩོ་ནག་མཚོའི་འགྲམ་དུ་གཙོད་ཕྲུག་སྐྱེས་བར་འགྲོ་བ་དང་། ཟླ་བདུན་པ་དང་བརྒྱད་པར་གཙོད་ཕྲུག་སྐྱེས་རྗེས་གཙོད་མོས་གཙོད་ཕྲུག་ཁྲིད་དེ་ཕྱིར་གཙོད་ཕོ་ཡོད་སར་འགྲོ་གི་ཡོད་ལ། ལམ་ཐག་ཁྱོན་སྤྱི་ལེ་ཆིག་སྟོང་ཙམ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཙོད་མོ་བདེ་བླག་ངང་གནས་སྤོ་ཐུབ་ཆེད། ཟླ་ལྔ་པ་ནས་བཟུང་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་ཡིས་སྲུང་སྐྱོང་ས་ཚིགས་ཁག་གི་ལས་དོན་མི་སྣར་སོ་སོའི་གཏོགས་ཁོངས་སུ་རྒྱུན་ཆད་མེད་པར་སྐོར་ཞིབ་བྱེད་དགོས་པ་དང་། གལ་སྲིད་གཞུང་ལམ་སྒྲོལ་བའི་གཙོད་མཐོང་ཚེ་འཕྲལ་དུ་འགྲིམ་འགྲུལ་བཀག་སྡོམ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྔོན་དཔག་ལྟར་ན། འདི་ལོའི་གཙོད་མོ་གནས་སྤོ་དུས་ཚིགས་ཟླ་6ཚེས་10ཉིན་གོང་དུ་མཇུག་འགྲིལ་རྒྱུ་དང་། དེའི་རིང་ལས་དོན་མི་སྣས་མུ་མཐུད་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།