འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོའི་རྩྭ་ཐང་སྟེང་གི“བདག་སྐྱོང་བ”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5པའི་ས་མཐོར་རྩྭ་ཐང་སྟེང་གི་རྒྱུག་ཆུའི་དར་ཡོངས་སུ་ཞིག ནམ་ལངས་མ་ཐག་འབྲོག་པ་ཚེ་རིང་དོན་གྲུབ་ཀྱིས་པགས་ཚག་གྱོན་ཞིང་ཁ་དཀྲིས་ཀྱིས་ངོ་གདོང་ཚང་མ་བསྟུམས་ནས་མིག་གཉིས་མ་གཏོགས་མཐོང་རྒྱུ་མེད་པར་བཟོས་ཏེ་ཕྱིར་ཐོན། ཁོང་ནི་རྩྭ་ཐང་སྟེང་གད་སྙིགས་ཡོད་མེད་དང་མིས་རྐང་བཙུགས་ནས་རྩྭ་རར་གནོད་འཚེ་བཏང་ཡོད་མེད་ཞིབ་བཤེར་བྱེད་པར་སྐྱོད་མཁན་རེད།
         2007ལོ་ནས་བཟུང་། ཚེ་རིང་དོན་གྲུབ་ཀན་ལྷོ་མཛོད་དགེ་སྟོད་མ་ཤང་ཤིན་སི་གྲོང་ཚོའི་གྲོང་ཚོ་རིམ་པའི་རྩྭ་ཐང་བདག་སྐྱོང་བར་གྱུར་ཡོད། ཁོང་གིས་བདག་སྐྱོང་བྱེད་པའི་ཁུལ་དེ་ཀན་ལྷོ་ཁུལ་གྱི་ས་རྒྱ་ཆེ་ཤོས་དང་མཛེས་ཤོས་ཀྱི་མེ་རིང་རྩྭ་ཐང་ཡིན་པ་རེད། ཁོང་གིས“དེ་སྔ་འགྱིག་ཤོག་གད་སྙིགས་མང་ཤོས་ཡིན་པ་དང་ཉེ་བའི་ལོ་གཉིས་ཙམ་རིང་གད་སྙིགས་དེ་རིགས་མཐོང་རྒྱུ་མི་འདུག ཀན་ལྷོ་ཀྲོའུ་ཡི་ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པ་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་པ་ལས་ཕན་པ་ཐོབ་པ་ཞིག་ཡིན་པ་དང་ད་ཆ་གད་སྙིགས་ཧ་ཅང་ཉུང་ཉུང་རེད་འདུག”ཅེས་བཤད།
         དེ་སྔ་དབྱར་ཁ་ཤར་རིམ་བཞིན་ཀན་ལྷོ་རྩྭ་ཐང་དུ་གད་སྙིགས་ཀྱིས་ཁེངས་ཀྱི་ཡོད། མི་ཀྱིས་ཤ་དང་། ཤིང་འབྲས། བཏུང་བྱ་སོགས་འཁྱེར་ཏེ་རྩྭ་ཐང་སྟེང་གུར་བརྒྱབ་ནས་ཉིན་ཁ་ཤས་སྡོད་ཀྱི་ཡོད། ཁོང་ཚོ་ཕྱིན་རྗེས་གང་སར་གད་སྙིགས་ཀྱིས་ཁེངས་པ་དང་ལྷགས་པ་བརྒྱབ་རྗེས་འགྱིག་ཤོག་གང་སར་འཁྱེར་འགྲོ་གི་ཡོད། ཚེ་རིང་དོན་གྲུབ་ཀྱིས་རྟག་ཏུ་མི་རྣམས་ལ་གད་སྙིགས་གང་བྱུང་མི་དབྱུགས་པའི་རེ་བ་འདོན་པ་མ་ཟད་སྐབས་རེ་རང་ཉིད་ཀྱིས་གཙང་མ་ཕྱགས་ཀྱི་ཡོད།
         ཚེ་རིང་དོན་གྲུབ་ཀྱིས“ལོ་བཅུའི་གོང་ཡུལ་མི་སྤུན་ཟླ་ཚོར་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཟབ་པོ་མེད་པས་རང་ཉིད་ལ་ཇུས་མེད་ཇུས་འཁྲི་བྱས་པ་རེད་ཅེས་གཤེ་གཤེ་གཏོང་གི་ཡོད། ད་ཆ་ཚང་མས་རང་འགུལ་ངང་གད་སྙིགས་གང་བྱུང་དུ་མི་དབྱུགས་པ་མ་ཟད་སྐབས་རེ་ངར་གད་སྙིགས་སྒྲུག་རོགས་ཀྱང་བྱེད་ཀྱི་ཡོད། ད་ཆ་འགྱིག་ཤོག་གད་སྙིགས་མཐོང་རྒྱུ་མེད་པས་ཉེ་འགྲམ་གྱི་རྩྭ་ཐང་གཙང་དུ་སོང་བས་ངའི་ལས་ཀའང་སྟབས་བདེ་རུ་ཕྱིན་སོང”ཞེས་བཤད།
        ཉེ་བའི་ལོ་ཤས་ནང་། ཀན་ལྷོའི་གཞུང་ཕྱོགས་ཀྱིས་ཆེས་ནན་ཤོས་ཀྱི“འགྱིག་ཤོག་གད་སྙིགས་འགོག་པའི་བཀའ་རྒྱ”བཏང་བ་ལས་ཁྲོམ་ནས་ཚལ་ཉོ་བ་དང་སྒོ་རྩིས་ཚོང་ཁང་ནས་ཅ་ལག་ཉོ་སྐབས་འགྱིག་ཤོག་མཐོང་རྒྱུ་མེད་པར་ཤོག་གྱོང་དང་ཚགས་པར་སོགས་ཀྱིས་སྔོ་ཚལ་དང་བག་ལེབ་སྒྲིལ་བ་དང་སྒོ་རྩིས་ཚོང་ཁང་གིས་དུས་རྒྱུན་དུ་རས་ཁུག་སྤྱོད་ཀྱི་ཡོད།
         ཀན་ལྷོ་གཙོས་གྲོང་ཁྱེར་ཀླུ་ཤོད་ཤང་རེན་ཀྲེན་ཏའོ་གྲོང་ཚོའི“རྩྭ་ཐང་བདག་སྐྱོང་བ”སྐལ་བཟང་ཚེ་རིང་མི་གཅིག་གིས་རྩྭ་ཐང་མུའུ་ཁྲི་10ཙམ་བདག་སྐྱོང་བྱེད་ཀྱི་ཡོད། ཁོང་གིས“ཉིན་གཉིས་གསུམ་ཙམ་ལ་སྐོར་བ་རེ་འཁོར་གྱི་འདུག དེ་སྔ་རྐང་ཐང་མར་སྐྱོད་དགོས་པས་དཀའ་ལས་ཁག་པོ་ཡོད་ལ་འགོར་པོ་ཡོད། ད་ཆ་རྩྭ་ཐང་གི་བདག་སྐྱོང་པར་སྦག་སྦག་ཡོད་པས་སྟབས་ཧ་ཅང་བདེ་རུ་ཕྱིན་འདུག”ཅེས་བཤད།
         སྐོར་ཞིབ་དང་། གད་སྙིགས་སྒྲུག་པ། ལྟ་སྐུལ་བཅས་བྱེད་པ་ཕུད་སྐལ་བཟང་ཚེ་རིང་གིས་རྒྱུན་དུ་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་པ་དང་གྲོང་མི་སྐུལ་སློང་བྱས་ཏེ་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་རྩྭ་ཐང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་ཀྱི་ཡོད། “རྩྭ་ཐང་ནི་འབྲོག་པའི་ཁྱིམ་གཞིས་ལྟ་བུ་ཡིན་ལ་འབྲོག་པའི་འཚོ་བའི་རྟེན་སའང་ཡིན། ཁོང་ཚོ་ཚང་མས་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། རྒྱུན་དུ་མི་མི་ཉུང་བ་ཞིག་ལ་འདུ་ཤེས་དེ་མེད་པས་ཁྱེད་ཀྱིས་ཁོང་ཚོར་རྒྱུ་མཚན་བཤད་ཚེ་རིམ་བཞིན་ཤེས་རྟོགས་ཐུབ་ཀྱི་ཡོད”
         ཀན་ལྷོ་ཀྲོའུ་ཞིང་འབྲོག་ཅུས་ཀྱི་འགན་འཁུར་བས་ཀན་ལྷོ་རྩྭ་ཐང་རྒྱ་ཆེ་བ་དང་། རྩྭ་ཐང་བདག་སྐྱོང་སྐོར་ཞིབ་ཀྱི་ལས་འགན་ལྕི་མོད། འོན་ཀྱང་རྩྭ་ཐང་བདག་སྐྱོང་བའི་ཐོབ་ཆ་ཧ་ཅང་གི་དམའ་པོ་ཡིན་པས་གོམ་སྟབས་རྗེས་མར་གྲོང་ཚོ་རིམ་པའི་རྩྭ་ཐང་བདག་སྐྱོང་བའི་མི་གྲངས་མང་དུ་གཏོང་རྒྱུ་དང་འབྲེལ་ཐོབ་ཆ་ཡང་མང་དུ་བཏང་ནས་ཟླ་རེ་བཞིན་ཁ་གསབ་གླ་ཆ་སྤྲད་དེ་རྩྭ་ཐང་ལ་བརྟེན་མཁན་གྱི་འབྲོག་པ་དེ་བས་མང་བ་རྩྭ་ཐང་གི་བདག་སྐྱོང་བར་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།