འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་དབུལ་སྐྱོར་གནད་སྨིན་གྱིས་མཛེས་སྡུག་ལྡན་པའི་གྲོང་ཚོ་བཏོད།

    —— བོད་ལྗོངས་ཉིང་ཁྲི་ཡིས་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཙམ་ལས་མེད་པའི་བོད་ཀྱི་ས་བབ་དམའ་ཤོས་ཀྱི་གྲོང་ཁྱེར་ཉིང་ཁྲི་ལ“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་ཀྱི་ཡོད། དེ་གར་གོ་ལ་ཧྲིལ་པོར་སྲུང་སྐྱོང་ཡག་ཤོས་དང་རྒྱལ་ཡོངས་སུ་ཆེ་ཤོས་ཀྱི་གདོད་མའི་ནགས་ཚལ་ཡོད་པ་དང་། འཛམ་གླིང་ཐོག་གི་རོང་ཆེན་ཨང་དང་པོ་སྟེ་ཡར་ཀླུང་གཙང་པོ་རོང་ཆེན་དང་། ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་རི་བོ་སྟེ་གནམ་ལྕགས་འབར་བ། འཁྱག་རོམ་མཛེས་ཤོས་ཏེ་མི་སྟོད་འཁྱག་རོམ་སོགས་འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་ཡོད་པས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་རེད།
         ཡིན་ནའང་། རྨང་གཞིའི་སྒྲིག་བཀོད་ཉམས་ཞན་དང་རི་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་རྗེས་སུ་ལུས་པའི་རྐྱེན་གྱིས་མང་ཚོགས་མི་ཉུང་བ་ཞིག་གི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་ཕྲད་ཡོད། དེར་བརྟེན་ཉེ་བའི་ལོ་ཤས་རིང་བོད་ཀྱིས་ལྷ་ས་ནས་ཉིང་ཁྲི་བར་གྱི་གཞུང་ལམ་གྱི་རིམ་པ་མཐོ་རུ་གཏོང་བ་དང་། ཉིང་ཁྲི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན། ཡུན་ནན་ཀུང་ཧྲན་ནས་བོད་ལྗོངས་རྫ་ཡུལ་བར་གྱི་གཞུང་ལམ་བཅོས་སྒྲིག རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་ཕྱི་ཤོས་ཀྱི་མེ་ཏོག་གི་རྫོང་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་བཅོས་སྒྲིག གྲོང་གསེབ་གཞུང་ལམ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་བྱས་པས་དུས་ཐུང་ལོ་5ཡི་རིང་ཉིང་ཁྲིར་གཞུང་ལམ་ལམ་ཚད་སྤྱི་ལེ་1373.78རིང་དུ་ཕྱིན་པ་དང་ཕྱི་ཕྱོགས་སུ་སྐྱོད་པའི་མཁའ་ལམ་6བར་བསྣན་པས་ཉིང་ཁྲི་ལྷ་ས་ཕུད་ཡུལ་སྐོར་བ་བོད་དུ་འགྲོ་འོང་བྱེད་པའི་གལ་ཆེ་ཤོས་དང་སྟབས་བདེ་ཤོས་ཀྱི་བགྲོད་ལམ་ཞིག་ཏུ་གྱུར་ཡོད།
         ཕྱི་ཕྱོགས་སུ་སྐྱོད་པའི་ལམ་བཏོད་དེ་ས་མཐོའི་རི་ཁུལ་དུ་རླངས་འཁོར་ཤར་གཏོང་ཐུབ། ལྷག་པ་སྒྲོལ་མ་ཡིས་དེ་སྔ་གཞུང་ལམ་ནས་ཟུར་གསུམ་གྲོང་ཚོ་བར་ཀོ་གྲུར་བསྡད་ནས་འགྲོ་དགོས་ཀྱི་ཡོད། 2016ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ་ཨར་འདམ་ལམ་བཟོས་པས་དེ་སྔ་མི་ཧ་ཅང་ཉུང་བའི་གྲོང་སྡེ་འཕྲལ་མར་འཁྲུག་ཆ་དོད་དུ་ཕྱིན་སོང་ཞེས་བཤད། 2013ལོར་ལྷག་པ་སྒྲོལ་མས་འགྲུལ་ཁང་བཙུགས་པ་དང་དེའི་རྗེས་སུ་རྒྱ་སྐྱེད་ཐེངས་གཉིས་བྱས་པས་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་20ནས་ན་ནིང་གི་སྒོར་ཁྲི་48བར་མང་དུ་ཕྱིན་ཡོད།
         ཉིང་ཁྲི་ནི་རང་རྒྱལ་གྱི་ནགས་ཁུལ་ཆེ་གྲས་ཨང་གཉིས་པ་དེ་རེད། དེ་སྔ་ཤིང་བཅད་དེ་འཚོང་བ་དེ་མང་ཚོགས་ཀྱི་འབབ་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་ས་གནས་དེ་གའི་བེ་ཤ་དང་། སྟར་ཀ མོག་རོ་སོགས་ཡུལ་ཟོག་མང་དག་ཅིག་དངུལ་ལ་འགྱུར་ཁག་པོ་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཆེད་ཤིང་གཅོད་མི་ཆོག་པ་བཟོས་རྗེས་གྲོང་གསེབ་ཀྱི་དཔལ་འབྱོར་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པ་རེད།
         ཆབ་ནག་ཤང་བྷ་ག་གྲོང་ཚོའི་དམག་ཞབས་ཐིམས་པའི་དམག་མི་འགྱུར་མེད་ལོ་10ཡི་གོང་ཤིང་བཙོངས་ནས་འཚོ་ཐབས་བྱེད་ཀྱི་ཡོད། ཡུལ་སྐོར་ལས་རིགས་གློ་བུར་དུ་འཕེལ་རྒྱས་བྱུང་རྗེས་ཁོང་དང་མཉམ་ལས་བྱེད་མཁན་གྱིས་མ་དངུལ་སྒོར་ཁྲི་150བཏང་སྟེ་མཁོ་ཚོང་མཉམ་ལས་ཁང་བཙུགས་ནས་བེ་ཤ་དང་། སྟར་ཀ དབྱར་རྩྭ་དགུན་འབུ་སོགས་ས་གནས་དེ་གའི་ཡུལ་ཟོག་ཉོ་སྒྲུབ་བྱས་པས་ལོར་ཡོང་འབབ་སྒོར་ཁྲི་40ཡན་བྱུང་ཡོད། ན་ནིང་ཁོང་གིས་ད་དུང་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་སྟེ་ཁྱད་ལྡན་སྤུས་ལེགས་ཞག་སྡོད་ཡུལ་སྐོར་འཕེལ་རྒྱས་བཏང་བ་རེད།
         མཛེས་ཞིང་ལྟ་ན་སྡུག་པའི་འཁྱག་རོམ་གྱིས་ཡུན་རིང་རི་ཁུལ་དུ་གནས་པའི་མང་ཚོགས་དབུལ་པོ་གནས་ལས་སྒྲོལ་ཐུབ་པ་བྱུང་ཡོད། ལོ་10ལྷག་ཙམ་གྱི་ཚོང་གཉེར་ཉམས་མྱོང་ཡོད་པའི་བདེ་སྐྱིད་དབང་མོས་ན་ནིང་ཕ་ཡུལ་སྨན་གླིང་རྫོང་འཐིམས་པ་རོང་གྲོང་ཚོར་ལོག་ནས་ཞིང་གྲོང་བཙུགས་པ་རེད། ཞིང་གྲོང་དེར་ཁྱོན་མ་དངུལ་སྒོར་ཁྲི་800བཏང་བའི་ནང་འཐིམས་པ་རོང་གྲོང་ཚོའི་དུད་ཚང་35ཡི་གྲོང་མིས་མ་རྐང་གི་65%བཟུང་བ་དང་ཚོད་ལྟའི་ལས་གཉེར་ཟླ་2བྱས་པར་ཁེ་བཟང་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།
         “ཀུང་སི+དུད་ཚང”བྱེད་ཐབས་ལས་དེ་སྔ་སྣང་མེད་དུ་བཞག་པའི་མཛེས་ལྗོངས་ཁུལ་དུ་སྤུས་ལེགས་མགྲོན་ཁང་བརྒྱབ་པ་དང་། ད་དུང་གྲོང་མིར་ཨར་ལས་འཛུགས་སྐྲུན་དང་། སྣེ་ཤན་ཞབས་ཞུ། ཡུལ་ཟོག་ཕྱིར་ཚོང་། བཟའ་བཏུང་སྣེ་ལེན་སོགས་ཡུལ་སྐོར་ཞབས་ཞུའི་ལས་ཀ་བྱེད་པར་ཁྲིད་སྟོན་ཐུབ་ཡོད། འཐིམས་པ་རོང་གྲོང་ཚོའི་གྲོང་མི་ཚོགས་ཆུང་གི་ཙུའུ་ཀྲང་ཆའོ་ནོར་བུ་ཡིས“མི་12ཞིང་གྲོང་དུ་ལས་ཀ་བྱེད་ཀྱི་ཡོད་པའི་ནང་མི་6དུད་ཚང་དབུལ་པོ་རེད། ཟླ་རེར་གླ་ཕོགས་སྒོར་3000ཡོད། སླད་ཕྱིན་ཞིང་གྲོང་གིས་ཞིང་པའི་ལག་ནས་བེ་ཤ་དང་། བོད་ཕག ཤིང་ཕོར་སོགས་ཡུལ་ཟོག་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བྱས་ཏེ་བཙོང་རྒྱུ་ཡིན་པས་ཡོང་འབབ་དེ་བས་མང་བ་ཡོང་རྒྱུ་རེད”ཅེས་བཤད།
         ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཉིང་ཁྲིའི་ཡུལ་སྐོར་ཡུལ་ལྗོངས་ཁོ་ནར་ལྟ་བ་ནས་ཉམས་ལེན་ཡུལ་སྐོར་གྱི་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུ་ཡིན་པ་རེད། “མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱིས“གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་དང་། ཁྱད་ཆོས་གཅིག རྩ་འཛུགས་གཅིག”བཅས་ཀྱི་འཛུགས་སྐྲུན་ཚད་གཞི་གཞིར་བཟུང་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་18བསྐྲུན་ཟིན་པ་དང་རིག་ལྡན་ཡུལ་སྐོར་བཏོད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ཆ་འཕྲིན་ཅན་གྱི་རྣམ་གྲངས་20བསྐྲུན་ནས་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱིས་གྲོང་གསེབ་ཀྱི་ཐོན་ཁུངས་སྣ་ཚོགས་བེད་ཡག་པོ་སྤྱད་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་བསམ་གྲུབ་ཀྱིས་བཤད།
         ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཀྱི་འདེགས་སྐྱོར་ལས་སྣོད་བཅུད་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། གྲོང་གསེབ་ཉམས་ལེན་ཡུལ་སྐོར་སོགས་ལས་རྣམ་ཆུང་ངུར་འཕེལ་རྒྱས་ཆེན་པོ་བྱུང་ནས་ཁོངས་གཏོགས་ཡོངས་ཀྱི་ཡུལ་སྐོར་དར་རྒྱས་བྱུང་བས་ཞིང་འབྲོག་པ་མང་པོ་འགྲུལ་ཁང་དང་། བོད་ཟས་ཟ་ཁང་། འགྲུལ་སྐྱེལ་སོགས་ལས་རིགས་ལ་བརྟེན་ནས་ཁྱིམ་དར་ཕྱུག་འགྱུར་བྱུང་ཡོད། འདི་ལོའི་ཟླ་1པོ་ནས་4པའི་བར་ཁོ་ནར་ཉིང་ཁྲིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་213.8ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་15.2བྱུང་བ་དེ་2012ལོའི་དུས་མཚུངས་ལས་སོ་སོར་93.1%དང་110.4%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུར་ཞུགས་པའི་ཞིང་འབྲོག་མང་ཚོགས་དུད་ཚང་1358ཀྱི་མི་ཐེངས་8207ཟིན་པ་དང་ཡོང་འབབ་སྒོར་ཁྲི་6122བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།