འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོང་སའི་ཐོག་གི་དབུལ་སྒྲོལ་འཆར་གཞི།

    —— མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         འབྲོག་པ་གྲོང་ཁུལ་དུ་གཞིས་ཆགས་ནས“གྲོང་ཁྱེར་གྱི་གཏམ་རྒྱུད”བརྩམས་པ།
         ཚྭ་འདམ་གཤོང་ས་གཙོ་བོར་བྱེད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་དུ་ཆགས་ཤིང་། གནམ་གཤིས་གྲང་ལ་ཆར་ཆུ་དཀོན་པ་དང་ལྷགས་པ་ཆེ་བ་བཅས་ནི་ཡུལ་དེ་གའི་གནམ་གཤིས་ཀྱི་ཁྱད་ཆོས་ཡིན། འོན་ཀྱང་ཆ་རྐྱེན་དེ་ལྟ་བུའི་ས་ཁུལ་དུ་མིག་སྔར་མི་ཚང་མ་དབུལ་སྒྲོལ་ཐུབ་ཡོད། གསར་འགོད་པ་ཉེ་ཆར་མཚོ་ནུབ་ཀྲོའུ་རུ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ཉམས་སུ་མྱོང་བར་བསྐྱོད་པ་ཡིན།
         འགྱུར་ལྡོག་དེ་ལྟ་བུ་ནི་འབྲོག་པ་གཞིས་ཆགས་འདུ་འགོད་ལག་ལེན་བསྟར་བ་ལས་བྱུང་ཞིང་། 2017ལོའི་ཟླ་8པར་ཅི་ཤང་དབྱི་ཁེ་ལ་ཤུས་གྲོང་ཚོའི་ནང་གི་དུད་ཁྱིམ་20མཉམ་དུ་གཏེར་ལེན་ཁ་གྲོང་ཁུལ་དུ་གནས་པའི་ཁྱིམ་གསར—ཐའོ་ཨེར་ཀེན་ཁྱིམ་གཞིས་སུ་སྤོས།
         ཐའོ་ཨེར་ཀེན་ཁྱིམ་གཞིས་སུ་སྐྱོད་སྐབས་རྩིག་ངོས་ཀྱི་ལྡེབས་རིས་དང་བར་ཁྱམས་གྱི་བརྐོས་མ་ཚང་མར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། ཁུལ་ཆུང་དུ་རྒན་རྒོན་རྣམས་ཀྱིས་བསིལ་ཁང་དུ་མིག་མངས་རྒྱག་པ་དང་ཕྲུ་གུ་རྣམས་ཐང་ཆེན་ཐོག་རྩེད་འཇོར་རོལ་བཞིན་འདུག
         གསར་འགོད་པས་འདྲི་རྟོག་བྱེད་སྐབས་ལས་སྒྲུབ་ཞབས་ཞུའི་ལྟེ་གནས་དང་། བུ་བཅོལ་ཁང་། བྱེད་སྒོ་ཁང་སོགས་སྒྲིག་ཆས་ཆ་ཚང་པོ་ཡོད་པ་ཤེས་རྟོགས་བྱུང་ཞིང་། སྨན་དོན་ཁང་དུ་ལོ་63ལ་སླེབས་པའི་ལི་ཧྲོང་ཀུའེ་ཡི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་འདུག་ལ། ཁོང་གི་ཕ་ཡུལ་ནི་ཤུས་ཅི་ཤང་ཐའོ་སི་ཐུའུ་གྲོང་ཚོ་ཡིན། “ལོ་བཅུ་ཕྲག་ཁ་ཤས་ལུག་འཚོས་ནས་བསྡད་པ་ཡིན་པ་དང་། ད་ཆ་གྲོང་ཁྱེར་ནང་སྤོས་པས་དངོས་གནས་སྟབས་བདེ་རུ་ཕྱིན་སོང”ཞེས་བཤད།
         ཐོན་ལས་ལེགས་སྒྲིག་བྱས་ནས“ཞིང་པ་གསར་པ”སྐྱེད་སྲིང་བྱས་པ།
         ཉེ་བའི་ལོའི་ནང་། མཚོ་ནུབ་ཁུལ་གྱིས་ཁེ་ལས་གཅིག་གིས་དུད་ཚང་དབུལ་པོ་རེར་རོགས་སྐྱོར་བྱེད་པའི“ཁེ་ལས་གཅིག་དང་དུད་ཚང་གཅིག”གི་རོགས་སྐྱོར་བྱེད་ཐབས་འཚོལ་ཞིབ་ནུས་ལྡན་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་ཤིང་། མཚོ་སྔོན་གཙང་གསུམ་ཆུ་འགོའི་གཤིན་ས་སྣོད་བཅུད་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ནི་ས་གནས་དེ་གའི་གཞི་ཁྱོན་ཅན་གྱི་ལི་གྲོའི་འདེབས་འཛུགས་ཁེ་ལས་ཤིག་ཡིན། ཀུང་སིས“ཀུང་སི+མཉམ་ལས་ཁང+ཞིང་དུད”ཀྱི་མཉམ་ལས་རྣམ་པ་འཚོལ་ཞིབ་བྱས་པ་བརྒྱུད། ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་རམ་འདེགས་བྱས་པ་དང་མིག་སྔར་གན་རྒྱ་བཞག་པའི་ཞིང་དུད་4000ཙམ་ཡོད་པ་རེད།
         ཏུའུ་ལན་ཧོ་གྲོང་ཚོའི་ཝུའེ་ཧའེ་མིང་ནི་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་དཔེ་མཚོན་དུད་ཚང་ཞིག་ཡིན། ཝུའེ་ཧའེ་མིང་བཟའ་ཚོ་གཉིས་ཀར་ནད་ཕོག་ཡོད་ལ་བུ་དང་བུ་མོ་གཉིས་ཀ་སློབ་གྲྭ་འགྲོ་བཞིན་ཡོད་པ་རེད། གཙང་གསུམ་ཆུ་འགོའི་གཤིན་ས་ཀུང་སིས་ཁོང་ཚོར་ས་བོན་དང་ལུད་སྤྲད་པ་མ་ཟད། ལག་རྩལ་བསླབས་པས་2016ལོར་ཁོང་ཚོས་ལི་གྲོ་མུའུ་4བཏབ་པར་ཡོང་འབབ་སྒོར་ཁྲི་1.5བྱུང་བ་དང་། 2017ལོར་མུའུ་10བཏབ་པར་ཡོང་ འབབ་སྒོར་ཁྲི་5བྱུང་བ་རེད།
         གཏེར་ལེན་ཁ་གྲོང་འདབས་ཀྱི་ཤིན་ཡུས་འདེབས་འཛུགས་དཔེ་སྟོན་ཁུལ་དུ་སྔོ་ཚལ་དང་ཤིང་འབྲས་ཀྱི་སྐྱེ་ཚུལ་ཧ་ཅང་ལེགས་པ་དང་། དཔེ་སྟོན་ཁུལ་དེ་ལས་ཉེ་འཁོར་དུད་ཁྱིམ་400ཡི་ཞིང་པར“ལྕགས་ཕོར”བརྟན་པོ་ཞིག་རག་ཡོད། “ལས་ཀར་སྐར་མ་བཅུའི་ནང་སླེབས་པ་དང་ཟླ་རེར་ཡོང་འབབ་སྒོར་3000ཡན་བྱུང་བའི་ཁར་ད་དུང་ངལ་གསོ་ཡང་མང་པོ་སྡོད་རྒྱུ་ཡོད”ཅེས་ཁེ་ལུའུ་ཁེ་གྲོང་རྡལ་མིང་ཤིང་གྲོང་ཚོའི་གྲོང་མི་ཝང་ཅུས་ཤང་གིས་དེ་ལྟར་བཤད།
         “བསམ་པའི་དབུལ་སྐྱོར”ལས་མང་ཚོགས་ཀྱི་གསོན་ཤུགས་འཕེལ་བ།
        “སྔོན་ཆད་དཀའ་ངལ་ཡོད་པའི་མང་ཚོགས་ཁ་ཤས་དབུལ་སྒྲོལ་ཐད་གདེང་ཚོད་མེད། དུད་ཚང་དབུལ་པོ་ལ་ལར་ངལ་རྩོལ་བྱེད་མཁན་ཡོད་ཀྱང་ཉེ་སར་ལས་ཞུགས་བྱེད་འདོད་མེད”བཅར་འདྲི་བྱེད་རིང་། གཞི་རིམ་ལས་བྱེད་པས་སྔོན་ཆད་མང་ཚོགས་ཁག་གཅིག་གི་བསམ་ཚུལ་གསལ་པོར་དྲན་གྱི་ཡོད།
         མཚོ་ནུབ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབུས་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཡོན་ཤིན་གྱིས། “མཁྲེགས་སར”དམིགས་ནས་དབུས་ལམ་རྫོང་གིས་དུས་རབས་གསར་པར་དད་སེམས་དང་ཡིད་ཆེས་ཆེ་རུ་བཏང་སྟེ། གདེང་ཚོད་དང་དམིགས་ཚད་ཡོད་པ། བསམ་ཕྱོགས་དང་ནུས་པ་ཡོད་པ། གནོན་ཤུགས་དང་སྒུལ་ཤུགས་ཡོད་པ་བཅས་ཀྱི“ཡོད་པ་བརྒྱད”ཀྱི་མི་གསར་སྐྱེད་སྲིང་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ཡོད་ཅེས་བརྗོད།
         དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་པ་ཡན་གྲོང་ཚོའི་དེ་སྔའི་གནས་ཡུལ་ནི་ཚྭ་ཁ་གྲོང་རྡལ་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཆེན་པོ་ཡོད། ཡུལ་དེ་གའི་སྲིད་གཞུང་གིས་པ་ཡན་གྲོང་ཚོ་དེ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཚྭ་ཁ་གྲོང་རྡལ་ལ་སྤོ་རུ་བཅུག་པ་དང་འབྲེལ་ཁ་གསབ་མ་དངུལ་སྤྲད་ནས་དུད་ཁྱིམ་རེར་སྨི་ངོས་གྲུ་120ཟིན་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་བསྐྲུན་པ་རེད།
         གྲོང་མི་ཧའོ་ཏ་ཆིང་གིས་དངུལ་ཁང་དང་གཉེན་ཉེའི་ས་ནས་དངུལ་གཡར་ཏེ་ཁང་པར་མཛེས་བཟོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་ལོ་རེར་ཡོང་འབབ་སྒོར་ཁྲི་10ལྷག་རག་གི་ཡོད། “སྤྱིར་ན་བུ་ལོན་ཡོད་ཀྱང་། ད་ཆ་ཆ་རྐྱེན་ཡག་པོ་འདི་འདྲ་ཡོད་པས་འབད་བརྩོན་བྱས་ན་ལོ་ཤས་ཀྱི་རྗེས་སུ་འཇལ་ཐུབ་པར་ཡིད་ཆེས་ཡོད”ཅེས་ཧའོ་ཏ་ཆིང་གིས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།