འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རི་ཁུལ་དུ་གནས་པའི་བོད་རིགས་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཤཱཀྱ་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་བྱེད་པའི་ཕུགས་འདུན་ཆེ་ཤོས་ནི་གྲོང་ཚོ་ཡོངས་དབུལ་པོ་ལས་ཡོངས་སུ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཡིན། འོན་ཀྱང་དབུལ་པོ་ལས་སྒྲོལ་བ་ནི་གྲངས་གཞི་ཁོ་ན་མིན་པར། མི་སེར་གྱིས་འབྱོར་ཕྱུག་གི་འཚོ་བ་ཞིག་དངོས་འབྲེལ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན།
          མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་ཤཱཀྱ་གྲོང་ཚོ་ནི་རྫོང་གྲོང་ནས་བར་ཐག་སྤྱི་ལེ་50ཙམ་ཆོད་པའི་མཐོ་གྲང་ཁུལ་དུ་གནས་པ་དང་། དེར་དུད་ཚང་122ཀྱི་མི་470ཡོད་ཅིང་། སྲོལ་རྒྱུན་གྱི་བོད་རིགས་གྲོང་ཚོ་དབུལ་པོ་ཞིག་ཡིན།
         2015ལོར་མཚོ་སྔོན་ཞིང་ཆེན་རྨང་གཞིའི་ས་ཁམས་ཆ་འཕྲིན་ལྟེ་གནས་ཀྱིས་ལས་བྱེད་པ་ཤཱཀྱ་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱེད་པར་བཏང་བ་དང་། དབུལ་སྐྱོར་ལས་བྱེད་པས“གྲོང་ཚོའི་རང་བྱུང་ཁོར་ཡུག་ཞན་ལ་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་དང་འདེགས་སྐྱོར་ཐོན་ལས་མེད་ཁར་། འགྲོ་ལམ་སྟབས་བདེ་མེད་པ་དང་འཐུང་ཆུ་དཀོན་པ་བཅས་ནི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་འཕེལ་རྒྱས་ལ་ཡུན་རིང་ཚོད་འཛིན་བཟོ་བའི་རྨང་གཞིའི་རང་བཞིན་གྱི་དཀའ་གནད་ཡིན”ཞེས་བརྗོད་ཀྱི་ཡོད།
          ཞིབ་བསྡུར་ཡང་ཡང་བྱས་པ་བརྒྱུད། གྲོང་སྡོད་ལས་དོན་རུ་ཁག་གིས་མཐར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་32ཀྱི་མི་137ལ་ངལ་ནུས་མི་འདང་བ་དང་ནད་པ་དང་དབང་སྐྱོན་རྐྱེན་པས་དབུལ་པོར་གྱུར་པ་གཏན་འཁེལ་བྱས། གྲོང་མིའི་གོམས་སྲོལ་དང་ཕ་ཡུལ་ནས་འབྲལ་འདོད་མེད་པའི་བསམ་བློར་བསྟུན་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཇུས་གཞི་བློས་བཏང་ནས་ཡུལ་བབ་དང་བསྟུན་ནས་དབུལ་སྒྲོལ་གྱི་འཆར་གཞི་བཟོས་པ་རེད།
         ད་ལོ་ལོ་54སླེབས་པའི་ཚེ་ཁོར་ཤཱཀྱ་གྲོང་ཚོར་སྡོད་ཁང་མེད་པ་དང་བུ་གཅིག་པུ་དེ་ཡང་ལོ་ཁ་ཤས་གོང་གླ་པ་རྒྱུག་སྐབས་དབང་སྐྱོན་དུ་གྱུར། གྲོང་སྡོད་ལས་དོན་རུ་ཁག་གིས་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ནས་ཁོང་ཚོའི་དཀའ་ངལ་བསལ་ཏེ་ཚེ་ཁོ་སོགས་ཁང་པ་མེད་པའི་དུད་ཚང་བཞི་ལ་སོ་ཕག་གི་ཁང་པ་བརྒྱབ་པ་ཆབས་ཅིག དུད་ཚང་དབུལ་པོ་27གྱི་ཉེན་ཡོད་སྡོད་ཁང་ཡང་ཉམས་བཟོ་བྱེད་རོགས་བྱས་ཡོད།
         ཤཱཀྱ་གྲོང་ཚོར་འཐུང་ཆུ་དཀོན་པས་གྲོང་མི་ཚང་མ་གྲོང་ཚོའི་ཉེ་འགྲམ་དུ་ཡོད་པའི་ཆུ་མིག་ནས་ཆུ་ལེན་པར་འགྲོ་གི་ཡོད། 2016ལོར་ལས་དོན་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་མ་དངུལ་སྒོར་ཁྲི་94བརྩོན་ལེན་བྱས་པ་དང་། རིགས་གཅིག་མཁས་ཅན་གདན་དྲངས་ནས་ཆུ་གསོག་རྫིང་བུ་བསྐྲུན་ཏེ་ཆུ་ཀ་ལ་དུད་ཚང་ཚང་མར་ཁྲིད་པ་རེད།
         ཤཱཀྱ་གྲོང་ཚོའི་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་ལ། གྲོང་ཚོ་ཡོངས་ཀྱི་གྲོང་མི་70%ནི་ཡིག་རྨོངས་ཡིན་པ་རེད། དེར་བརྟེན་མཚོ་སྔོན་ཞིང་ཆེན་རྨང་གཞིའི་ས་ཁམས་ཆ་འཕྲིན་ལྟེ་གནས་ཀྱིས“གཅེས་སེམས་སློབ་སྐྱོར”གྱི་བྱ་སྤྱོད་སྤེལ་ནས་འབྲིང་རིམ་ཆེད་ལས་ཚན་ཁག་གི་སློབ་རྒྱུས་ཡན་ལྡན་པའི་སློབ་མ་15ལ་སློབ་སྐྱོར་དངུལ་ཁྱོན་སྒོར་ཁྲི་4.1སྤྲད་པ་དང་ཆབས་ཅིག་དགུན་ཁ་དང་དབྱར་ཁའི་གུང་གསེང་རིང་ཟུར་ཁྲིད་འཛིན་གྲྭ་འཛུགས་རྒྱུའི་མཐུན་སྦྱོར་བྱས་ཏེ་སློབ་ཆེན་སློབ་མ་རིག་གནས་སློབ་ཚན་འཁྲིད་པར་གདན་དྲངས་ནས་སློབ་གསོའི་བྱེད་སྒོ་སྤེལ་སྟངས་སྣ་ཚོགས་བཏོད་པ་རེད།
         “དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་དང་། དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་དགོས། གལ་སྲིད་ཕྲུ་གུ་རྣམས་ཕྱི་རོལ་དུ་གསོ་སྦྱོང་བྱེད་པར་མ་བཏང་ན། སྔོན་ཐོན་གྱི་བསམ་བློ་དང་དེང་རབས་ཅན་གྱི་དངོས་ཟོག་ནང་འདྲེན་བྱེད་མི་ཐུབ་ལ་གྲོང་ཚོའང་དེ་བས་རྗེས་སུ་ལུས་ངེས་ཡིན་པ”དེ་ནི་དབུལ་སྐྱོར་ལས་བྱེད་པའི་མྱོང་ཚོར་ཟབ་མོ་ཡིན།
         དུད་ཁྱིམ་དབུལ་པོར་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་ལས་དོན་རུ་ཁག་གིས་རོགས་དངུལ་སྒོར་ཁྲི་2བཏང་སྟེ་གྲོང་མི་ཁག་གཅིག་ཀྲོའུ་དང་རྫོང་གཞན་དུ་མངགས་ནས་ཡུལ་གཞན་དུ་གནས་སྤོས་དང་། འདེབས་འཛུགས་འདེབས་གསོ། རྩལ་ནུས་གསོ་སྦྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་དང་ལྟ་ཚུལ་ལ་ལྟ་སྐོར་སློབ་སྦྱོང་བྱས་ཏེ་དབུལ་སྒྲོལ་ཡོང་རོགས་བྱས་པ་རེད།
        ལོ་གསུམ་རིང་འབད་བརྩོན་བྱས་པ་བརྒྱུད་ཤཱཀྱ་གྲོང་ཚོའི་གྲོང་མིའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། ལས་དོན་རུ་ཁག་གིས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་དོན། ཤཱཀྱ་གྲོང་ཚོའི་དུད་ཁྱིམ་དབུལ་པོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2015ལོའི་ལོ་མཇུག་གི་སྒོར་2500ནས་ད་ཆ་སྒོར་6700བར་མང་དུ་སོང་བ་དང་། རྒྱལ་ཁབ་ཀྱི་དབུལ་སྒྲོལ་ཚད་གཞི་དང་རྦད་དེ་མཐུན་ཡོད།
         གྲོང་ཚོ་དབུལ་པོ་དང་དུད་ཁྱིམ་དབུལ་པོའི་རང་བརྟེན་ནུས་པ་ཆེ་རུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཐུབ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་དང་དབྱེ་ཞིབ་བྱས་པ་བརྒྱུད་བ་ཡན་རྫོང་ཤཱཀྱ་གྲོང་ཚོའི་རིན་རྒྱས་འདེབས་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། གསོ་ཚགས་བཟོ་གྲྭ་བསྐྲུན་ནས་ལུག་རྒྱགས་གསོའི་རྣམ་གྲངས་གོང་འཕེལ་བཏང་ཞིང་། ཁྱད་ལྡན་ཐོན་ལས་རྒྱབ་སྐྱོར་ལ་དམ་འཛིན་གྱིས་མང་ཚོགས་དབུལ་པོའི་འབབ་འཕར་ཐབས་ལམ་ཆེ་རུ་ནུས་ལྡན་བཏང་བ་རེད།
        མིག་སྔར། རྒྱ་ཁྱོན་སྨི་ངོས་གྲུ་1000ལྷག་ཟིན་པའི་གསོ་ཚགས་བཟོ་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གསོ་ཚགས་བཟོ་གྲྭར་དུད་ཁྱིམ་དབུལ་པོའི་མི་3བསྡུས་ནས་དོ་དམ་པ་བྱས་པ་དང་། ལོ་ལྟར་གླ་ཆ་སྒོར་ཁྲི་གཉིས་རག་གི་ཡོད་པ་རེད།
         འདི་ལོར་ཤཱཀྱ་གྲོང་ཚོའི་མུའུ་སུམ་སྟོང་གི་ས་ཞིང་བཅོས་སྒྲིག་རྣམ་གྲངས་ལས་འགོ་འཛུགས་ཉེར་ཡོད་པ་དང་ས་ཁོད་སྙོམས་རྗེས་ཀྱི་སྐས་ཞིང་ལ་ཆུ་འདྲེན་པ་དང་ལུད་རྒྱག་པར་ཡང་སྔར་བས་སྟབས་བདེ་བ་མ་ཟད། འཕྲུལ་ཆས་ཅན་གྱི་རྨོ་འདེབས་དང་བརྔ་བསྡུ་བྱེད་ཆོག་ལ་ཞིང་ནང་དུ་འགྲོ་ལམ་བཟོས་ནས་མང་ཚོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་དབོར་འདྲེན་སྟབས་བདེ་རུ་འགྲོ་རྒྱུ་དང་། མི་ཤུགས་དང་དངོས་ཤུགས་ཐད་མ་དངུལ་གཏོང་ཤུགས་ཆུང་དུ་ཕྱིན་ནས་ངལ་ནུས་ལྷག་མ་ཕྱིར་གླ་པར་ཕྱིན་ཏེ་ཞིང་དུད་ཀྱི་ཡོང་འབབ་འཕར་རྒྱུ་ཡིན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།