འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རིགས་དབྱེའི་ལས་སྟེགས་བཏོད་དེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཕུགས་
    འདུན་མངོན་འགྱུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཕུར་མཉེད་བཅོས་ཐབས་བྱས་ཟིན་པའི་རྒན་རྒོན་ལག་གཉིས་ཀྱིས་སྐྱོར་བཞིན་དུ་རྒྱུན་གཏན་གྱི་བདེ་ཐང་སླར་གསོའི་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་ཡང་ཡང་ཤོད་པ་དང་འགྲམ་ནས་ཐུགས་རྗེ་ཆེ་ཐུགས་རྗེ་ཆེ་ཞེས་ཤོད་པའི་རྣམ་པ་དེ་ནི་མཚོ་སྔོན་རེན་ཧོ་འཕུར་མཉེད་བདེ་ཐང་སླར་གསོའི་སྨན་ཁང་གི་ལོང་བ་འཕུར་མཉེད་པ་ལིའུ་ཅ་ཡི་རྒྱུན་གཏན་གྱི་ལས་ཀའི་གནས་ཚུལ་ཡིན།
         ལིའུ་ཅ་ཡིས“མ་གཞི་རྒན་རྒོན་གྱིས་མཐེ་བོང་བསྒྲེངས་པ་མཐོང་མི་ཐུབ་མོད། འོན་ཀྱང་ཕ་རོལ་པོའི་སེམས་འགུལ་ཐེབས་པའི་སྐད་ཆ་ལས་རང་ཉིད་ལ་སེམས་ཤུགས་ཆེན་པོ་སྐྱེ་གི་འདུག”ཅེས་བཤད་པ་དང་ཁོང་གིས་དེ་སྔ་མིག་ལོང་བ་ཡིན་པས་བློ་ཕམ་ཡི་ཆད་ཆེན་པོ་ཡོང་མྱོང་བ་དང་ནང་མིའི་སྐུལ་ལྕག་དང་སྲིད་གཞུང་གི་རོགས་རམ་འོག ཁོང་གིས་འཕུར་མཉེད་རྩལ་ནུས་སྦྱངས་པ་དང་ལག་གཉིས་ལ་བརྟེན་ནས་རང་ཁ་རང་གསོ་ཐུབ་པ་མ་ཟད་ད་དུང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད།
         མཚོ་སྔོན་རེན་ཧོ་འཕུར་མཉེད་བདེ་ཐང་སླར་གསོའི་སྨན་ཁང་དུ་ལིའུ་ཅ་དང་འདྲ་བའི་འཕུར་མཉེད་པ་20ཡོད་ཅིང་། ཁོང་ཚོ་ཕལ་ཆེ་བ་འབྲོག་ཁུལ་ནས་ཡིན་པ་དང་དབུལ་ཞིང་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུང་སྐབས་སྲིད་གཞུང་གིས་བཏོད་པའི་ལས་ཞུགས་ལས་སྟེགས་བརྒྱུད་རང་ཉིད་ལ་ཕུགས་རེ་རྙེད་ཡོད།
         མཚོ་སྔོན་ཞིང་ཆེན་དབང་སྐྱོན་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོད་པའི་ལས་ཞུགས་ལས་སྟེགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་2015ལོའི་ཟླ་4པར་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཚོ་སྔོན་རེན་ཧོ་འཕུར་མཉེད་བདེ་ཐང་སླར་གསོའི་སྨན་ཁང་གསར་འཛུགས་བྱས་ཡོད།
         “དེ་གར་ནི་ལོང་བའི་འཕུར་མཉེད་སློབ་གསོ་ཞིབ་འཇུག་དངོས་སྦྱོང་རྟེན་གཞི་ཡིན་ལ་ལོང་བར་ལས་ཞུགས་དཀའ་གནད་ཐག་གཅོད་བྱ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་རེན་ཧོ་འཕུར་མཉེད་བདེ་ཐང་སླར་གསོའི་སྨན་ཁང་གི་ཡོན་ཀྲང་སྨི་དབྱང་གིས“ཞིང་ཆེན་དབང་སྐྱོན་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཞུགས་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ཆེ་ཁག་ནས་ཡིན་པའི་སྨན་པ་གདན་དྲངས་ནས་སློབ་ཡོན་མི་དགོས་པའི་སློབ་བསྡུ་གསོ་སྦྱོང་བྱས་པ་དང་རྒྱུགས་བླངས་རྗེས་ཀྱི་ལོང་བར་ལས་ཞུགས་ཐོབ་ཐང་རག་ནས་འོས་འཚམ་གྱི་ལས་གནས་ཐོག་བཀོད་སྒྲིག་བྱས་ཏེ་འཇོན་ཐང་འདོན་བཞིན་ཡོད”ཅེས་བཤད།
         ད་ཆ་མཚོ་སྔོན་རེན་ཧོ་འཕུར་མཉེད་བདེ་ཐང་སླར་གསོའི་སྨན་ཁང་གིས་ལོ་ལྟར་མི་ཐེངས་18000ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད་པ་དང་དབང་པོ་སྐྱོན་ཅན་འཕུར་མཉེད་པ་ཚང་མར་ཟླ་རེར་ཡོང་འབབ་སྒོར་3000ཙམ་ལེན་རྒྱུ་ཡོད། སྨན་ཁང་དེས་ཉེ་བའི་ལོ་གཉིས་ནང་མི་ཐེངས་ཁྲི་3ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་ལོང་བ་འཕུར་མཉེད་པའི་ཡོང་འབབ་བརྟན་པོའི་ངང་འཕར་བཞིན་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་དབང་སྐྱོན་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་མི་འདྲ་བའི་ལས་ཞུགས་ནུས་པ་དང་འདོད་འདུན་གཞིར་བཟུང་ལས་སྟེགས་མང་པོ་བཏོད་དེ་དབང་པོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་འཚོ་བར་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། མཚོ་སྔོན་གྱི་རིག་སྟོབས་དབང་སྐྱོན་འཁོར་འཁྲུའི་ལྟེ་གནས་ནི་དབང་སྐྱོན་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་སྟོབས་དབང་སྐྱོན་ལ་མཁོ་འདོན་བྱས་པའི་ལས་ཞུགས་ལས་སྟེགས་གཞན་ཞིག་ཡིན་པ་དང་2016ལོར་བཙུགས་པའི་འཁོར་འཁྲུའི་ལྟེ་གནས་དེ་ཟི་ལིང་གྲོང་ཁྱེར་དུ་གནས་ཤིང་། ཁྱོན་རིག་སྟོབས་དབང་པོ་སྐྱོན་ཅན་14བཀོད་སྒྲིག་བྱས་པ་རེད།
         “རིག་སྟོབས་དབང་སྐྱོན་ལས་མི་14ཚང་མར་ཟླ་རེར་ཁ་གསབ་དངུལ་སྒོར་300ལེན་རྒྱུ་ཡོད་པའི་ཁར། གླ་ཆ་སྒོར་1270ཡོད་པ་མ་ཟད་ད་དུང་ལས་ཀའི་མཚོན་ཚུལ་ཡག་པའི་ལས་བཟོར་བྱ་དགའི་ཁ་གསབ་དངུལ་ལེན་རྒྱུ་ཡོད”རིག་སྟོབས་དབང་སྐྱོན་འཁོར་འཁྲུའི་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་ཁུར་བ་ཕུང་རུང་ཤོན་གྱིས་འཁོར་འཁྲུའི་ལྟེ་གནས་སུ་ལོ་གཉིས་ནང་ཁྱོན་རླངས་འཁོར་ཐེངས་གྲངས་ཁྲི་1.9ལྷག་ཙམ་བཀྲུས་པ་དང་ཆ་སྙོམས་ཉིན་རེར་རླངས་འཁོར་30ལྷག་ཙམ་འཁྲུ་གི་ཡོད་ལ་མང་ཤོས་སུ་80ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།