འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།"'རྒྱུད་གཅིག་ལམ་གཅིག'ནི་བྱ་བ་བཟང་པོ་ཞིག་རེད"

    —— ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་བྱས་པའི་ཧྥི་ཅིའི་ཝ་ནུ་ཨ་གླིང་ཕྲན་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5པའི་ཧྥི་ཅིར་རླངས་འཁོར་ལ་བསྡད་དེ་ཝ་ནུ་ཨ་གླིང་ཕྲན་དུ་བསྐྱོད་སྐབས་ཀྱག་ཀྱོག་ཏུ་ཆགས་པའི་ན་པུ་ཝ་ལུའུ་མྱུར་བགྲོད་གཞུང་ལམ་དེ་གཡུ་འབྲུག་སྔོན་མོ་བཞིན་སྔོ་ལྗང་གི་མུ་སྦྲེལ་རི་རྒྱུད་དུ་གནས་པ་དང་། ཁོད་སྙོམས་ལ་བདེ་བའི་པུ་ཀྲ་པེ་མྱུར་བགྲོད་གཞུང་ལམ་དེ་གཡུ་ཐག་ཅིག་ལྟར་སྔོ་ཞིང་དྭངས་པའི་མཚོ་འགྲམ་དུ་རིང་པོར་འཁྱུད་ཡོད།
         ཝ་ནུ་ཨ་གླིང་ཕྲན་ནི་ལྷོ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཧྥི་ཅིའི་གླིང་ཕྲན་ཆེན་པོ་གཉིས་པ་དེ་ཡིན་ཞིང་། ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཧྥི་ཅི་ཀུང་སིས་བསྐྲུན་པའི་ན་པུ་ཝ་ལུའུ་མྱུར་བགྲོད་གཞུང་ལམ་དང་པུ་ཀྲ་པེ་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་མི་ཚོའི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པར་ཧྥི་ཅིའི་དམངས་ཚོགས་ཀྱིས“ཧྥི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་སྦྲེལ་ཐག”དང“ཐུན་མོང་ཐོག་འཕེལ་རྒྱས་དང་ཕྱུག་འགྱུར་བྱེད་པའི་མྱུར་བགྲོད་ལམ་བུ”ཅེས་བརྗོད་ཀྱི་ཡོད།
         ན་པུ་ཝ་ལུའུ་མྱུར་བགྲོད་གཞུང་ལམ་དེ་ཝ་ནུ་ཨ་གླིང་ཕྲན་གྱི་ནུབ་བྱང་ངོས་སུ་གནས་པ་དང་རིང་ཚད་སྤྱི་ལེ་70ཡོད། པུ་ཀྲ་པེ་མྱུར་བགྲོད་གཞུང་ལམ་དེ་ཝ་ནུ་ཨ་གླིང་ཕྲན་གྱི་ཤར་ལྷོའི་མཚམས་སུ་གནས་པར་རིང་ཚད་སྤྱི་ལེ་30ཡོད། གཞུང་ལམ་དེ་གཉིས་ཀ་ནི་ཀྲུང་གོ་སྲིད་གཞུང་གིས་ཧྥི་ཅིར་གཟིགས་སྐྱོང་དངུལ་བུན་གཡར་བའི་རྣམ་གྲངས་ཞིག་ཡིན་པ་དང་གཉིས་ཀ་2015ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་ཡོད།
         མྱུར་བགྲོད་གཞུང་ལམ་དེའི་སྐོར་གླེང་སྐབས་ཧྥི་ཅིའི་བཟའ་ཟླས་གཉེར་སྐྱོང་བྱེད་པའི་སྤྲོ་གསེང་སྤྲོ་ཁང་གི་དབྱི་ཐ་ལི་བ་ལུ་དབྱི་ཅི·ཀྲུའུ་ལིས་ཨན་ཉིས“སྔོན་ཆད་འགྲིམ་འགྲུལ་ཡག་པོ་ཡོད་མེད་དེ་གནམ་གཤིས་ལ་རག་ལུས་ཡོད། སྐབས་རེ་ཉིན་གང་རླངས་འཁོར་གསུམ་བཞི་ལས་མཐོང་རྒྱུ་མེད། ད་ཆ་ཐ་ན་སྐར་མ་རེར་རླངས་འཁོར་གསུམ་བཞི་མཐོང་རྒྱུ་ཡོད། འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་སོང་སྟབས་ཚོང་ལས་ཀྱང་ཡག་ཏུ་ཕྱིན་སོང”ཞེས་མྱོང་ཚོར་ཆེན་པོས་བཤད།
         ཀྲུའུ་ལིས་ཨན་ཉིས“ངས་གཉེར་སྐྱོང་བྱེད་པའི‘སྦྲང་རྩི་ལྟར་གྱི་འཚོ་བ’ཞེས་པའི་སྤྲོ་གསེང་སྤྲོ་ཁང་ནང་རྟག་ཏུ་འགྲུལ་པས་ཁེངས་པ་དང་ཁོང་ཚོ་ཚང་མ་འཛམ་གླིང་ས་གནས་ཁག་ནས་ཡོང་གི་ཡོད། རྣམ་པ་དེ་རིགས་སྔོན་ཆད་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་དེ་ནི་ངོ་མཚར་བཏོད་པ་རང་རེད། ཀྲུང་གོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།
         མྱུར་བགྲོད་གཞུང་ལམ་ཐོག་བྱ་འཕུར་བ་ལྟར་འགྲོ་བའི་རླངས་འཁོར་ལ་ལྟ་བཞིན་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ཧྥི་ཅི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཀང་གིས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱིས་མི་ཚོ་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་ཡོད། གཞན་ཡང་ཀྲུང་གོའི་འཛུགས་སྐྲུན་པས་སྤྱི་ཚོགས་ཀྱི་དྲིན་འཇལ་རྒྱུར་མཐོང་ཆེན་བྱས་ཏེ་ལམ་རྒྱུད་ཀྱི་སྡེ་ཁུལ་དང་སློབ་གྲྭར་བྱ་བ་བཟང་པོ་མང་དག་ཅིག་བསྒྲུབས་པར་ས་གནས་དེ་གའི་དམངས་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་བཤད།
         “སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་གཞུང་ལམ་ལས་ངེད་ཚོའི་ཐན་དུས་སུ་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་དུས་སུ་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་སྐྱོད་དཀའ་བའི་ལོ་རྒྱུས་མཇུག་འགྲིལ་ཡོད། ད་ཆ་དེ་གར་ཉིན་ལྟར་རླངས་འཁོར་འགྲོ་འོང་བྱེད་མང་བ་དང་ཁྲོམ་ར་མངོན་གསལ་དོད་པོས་གྲ་རྒྱས་སུ་ཕྱིན་ནས་ངེད་ཚོར་དངོས་ཕན་ཐོབ་པའི་མྱོང་ཚོར་ཏན་ཏིག་ཡོང་གི་འདུག ཀྲུང་གོ་ནི་དངོས་གནས་ཧྥི་ཅིའི་གྲོགས་པོ་ཡག་པོ་རེད”ཅེས་ས་གནས་དེ་གའི་ཨའོ་སའེ་ཡ·ལའོ་ལས་བཤད།
         ལའོ་ལ་ནི་མིག་སྔར་ན་པུ་ཝ་ལུའུ་མྱུར་བགྲོད་གཞུང་ལམ་གམ་གྱི་ཞིང་ར་ཞིག་ཏུ་ལས་ཀ་བྱེད་པ་དང་གཞུང་ལམ་འཛུགས་སྐྲུན་བྱེད་རིང་ལའོ་ལས་དེ་སྔ་ཀྲུང་གོའི་འཛུགས་སྐྲུན་པ་དང་མཉམ་དུ་ལས་ཀ་ལོ་གཉིས་བྱེད་མྱོང་བ་དང་སྔོན་གྱི་ཉམས་བར་ཁོང་གིས་དྲན་གསོ་བྱས་ནས། གསར་འགོད་པར་དེར་བརྟེན་ནས་ངའི་མི་ཚེར་འགྱུར་ལྡོག་བྱུང་སོང་བས“ངས་དེ་གར་ཀྲུང་གོ་ཁྱེད་སྐུ་ཁམས་བཟང(ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན)ཞེས་ཤོད་རྒྱུ་ཡིན”ཞེས་བཤད།
         ཨུ་མའི་ཧྲི·ཕུ་ལ་ས་ཏེས་འཛུགས་སྐྲུན་རྒྱུ་ཆའི་མུ་འབྲེལ་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་པ་དང་ཁོང་གིས་གསར་འགོད་པར་མྱུར་བགྲོད་གཞུང་ལམ་དེ་གཉིས་བསྐྲུན་པ་དེས་ཝ་ནུ་ཨ་གླིང་ཕྲན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པ་དང་ཁོང་གི་ཚོང་ལས་ཀྱང་ཡག་ཏུ་ཆེས་ཆེར་ཕྱིན་སོང་། “‘རྒྱུད་གཅིག་ལམ་གཅིག’ནི་བྱ་བ་བཟང་པོ་ཞིག་ཡིན་པ་དང་ཧྥི་ཅི་ལྟར་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཆེན་པོ་བསྐྲུན་པས་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་ཁེ་ལས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
        ཧྥི་ཅིའི་ཙུང་ལི་མུའུ་པེ་ཉི་མ་ལ་མས་སྔ་ཕྱི་བར་གསུམ་དུ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་གནང་བ་དང་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧྥི་ཅིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཆེན་པོ་གནང་གི་ཡོད། ན་ནིང་ཟླ་5པར་ཁོང་ད་དུང་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ནང་ཞུགས་པ་རེད།
         “‘རྒྱུད་གཅིག་ལམ་གཅིག’ནི་ཀྲུང་གོ་ནས་དར་མོད། འོན་ཀྱང་གོ་སྐབས་དང་གྲུབ་འབྲས་དེ་འཛམ་གླིང་ཡོངས་ལ་གཏོགས་ཡོད”ཝང་ཀང་གིས་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུའི་ལྷོ་ངོས་སྣུར་སྲིང་རྒྱུད་དུ་གནས་པའི་ཧྥི་ཅིའི་ངོས་ནས་བརྗོད་ན་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ཚེ་མི་དམངས་ལ་དེ་བས་མང་བའི་ཕན་པ་ཏན་ཏིག་ཐོབ་ངེས་ཡིན་པ་མ་ཟད་རྒྱལ་ཁབ་འཕེལ་རྒྱས་ཀྱི་མདུན་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་རེད་ཅེས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུང་ཤིན། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།