འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་བྱིས་པ་ཚོར་ཚོར་སྣང་མི་འདྲ་བའི་འཇིག་རྟེན་ཞིག་བཏོད་པ། 

    —— རྒྱ་ཡིག་སློབ་མཁན་ཀྲུང་གོའི་དགེ་རྒན་གྱི་སྐོར་གླེང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལོན་ཏོན་བྱང་མའི་མཱ་སི་ཝུའེའར་ཧྲན་སློབ་ཆུང་ལོ་རིམ་གཉིས་པའི་སློབ་ཁང་ནང་ཀྲུང་གོའི་ན་གཞོན་དགེ་རྒན་ཞིག་གིས་འགྱུར་ཁུག་སྙན་ལ་བརྩེ་དུང་ཟབ་པའི་སྒོ་ནས་སྐྲ་སེར་མིག་ལྗང་གི་གྲོགས་པོ་ཆུང་ཆུང་ཁྱུ་གཅིག་འཁྲིད་དེ་རྒྱ་ཡིག་གི་ཐོག་ནས“སྐྱོད་སྐྱོད་སྐྱོད། མཆོང་མཆོང་མཆོང་། རྒྱུག་རྒྱུག་རྒྱུག”ཞེས་པའི་རྒྱ་སྐད་ཀྱི་བྱིས་གླུ་གཏོང་བཞིན་འདུག
         གྲོགས་པོ་ཆུང་ཆུང་ཚོའི་སྣེ་ཁྲིད་དེ་བྱིས་གླུ་གཏོང་མཁན་ནི་ཁྲེང་ཏུའུ་ནས་ཡོང་བའི“85ནང་སྐྱེས”ཀྱི་བུ་མོ་ཐང་ཧོན་ཡིན་པ་རེད། ཁོང་2011ལོར་སློབ་ཆེན་ཐོན་རྗེས་ཁྲེང་ཏུའི་དམའ་རིམ་སློབ་འབྲིང་ཞིག་ཏུ་དབྱིན་ཇིའི་དགེ་རྒན་བྱས། 2016ལོའི་ཟླ་9པར་ལོན་ཏོན་ནན་ཨན་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ལས་ཀ་བྱེད་པར་བཏང་རྗེས་མཱ་སི་ཝུའེའར་ཧྲན་སློབ་ཆུང་དུ་རྒྱ་ཡིག་དགེ་རྒན་བྱས།
         བྱིས་གླུ་བཏང་ཚར་རྗེས་ཐང་ཧོན་གྱིས་སྒྲོན་བརྙན་སྤྱིན་ཤོག་ཐོག་ནས་ཤིང་འབྲས་ཀྱི་པར་རིས་བསྟན་ཏེ་ཕྲུ་གུ་ཚོར་རྒྱ་སྐད་ཀྱི་ཐོག་ནས་ཤིང་འབྲས་ཀྱི་མིང་བསླབ་པ་རེད།
         དེ་རྗེས་ཀྲུང་གོའི་ན་གཞོན་དགེ་རྒན་གཞན་ཞིག་སྟེ་ཅའོ་དབྱང་གིས་ཕྲུ་གུ་ཚོ་འཁྲིད་དེ་དེ་སྔ་སྦྱངས་ཟིན་པའི་འདྲ་གཟུགས་ཡི་གེ་དཔེར་ན། རྒྱ་ཡིག་ཧྲན་དང་། གཡོད། ཧྲུའེ། མོན་སོགས་བསྐྱར་སྦྱོང་བྱས་པ་དང་ཕྲུ་གུ་ཚོས་ཡི་གེའི་བཟོ་ལྟར་བལྟས་ནས་ནང་དོན་ཤེས་པ་བྱས།
         ཐང་ཧོན་དང་ཅའོ་དབྱང་དང་ཀྲུང་གོའི་དང་བླངས་པ་གཞན་3གྱིས་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་14དང་སློབ་མ་420ཡི་རྒྱ་ཡིག་སློབ་འཁྲིད་ཀྱི་འགན་ཁུར་གྱི་ཡོད་པ་དང་འཛིན་གྲྭ་ཚང་མར་གཟའ་འཁོར་རེར་རྒྱ་ཡིག་སློབ་ཚན་ཐེངས་རེ་ཡོད་པས་སློབ་འཁྲིད་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་རེད།
         ལོ་ཚད་མི་འདྲ་བའི་སློབ་མར་དམིགས་ནས་དགེ་རྒན་གཉིས་པོའི་སློབ་ཚན་འཁྲིད་སྟངས་ཀྱང་ལེགས་སྒྲིག་འོས་འཚམ་བྱས་ཡོད། ལོ་རིམ་དམའ་བའི་སློབ་མའི་བསམ་བློ་གཅིག་སྒྲིལ་བྱེད་པའི་དུས་ཚོད་ལ་ཚད་ཡོད་པས་ཁོང་ཚོས་ཕྲུ་གུ་ཚོར་ལག་བཟོས་དང་རི་མོ་སོགས་སྤྲོ་སྣང་འཕེལ་ཐུབ་པའི་བྱེད་སྒོ་སྤེལ་བ་དང་ལོ་རིམ་མཐོ་བའི་སློབ་མའི་བསམ་གཞིག་དང་སྐད་ཆ་ཤོད་ནུས་དེ་བས་ལེགས་པས་ཁོང་ཚོར་ཀྲུང་གོའི་གྲོང་ཁྱེར་དང་ལོ་རྒྱུས་སོགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ནང་དོན་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།
         གཏན་འཁེལ་གྱི་སློབ་ཚན་ཕུད་ཐང་ཧོན་དང་ཅའོ་དབྱང་གིས་ད་དུང་རྒྱ་སྐད་ཀྱི་སྤྲོ་སྐྱིད་ཁང་བཀོད་སྒྲིག་བྱས་ཏེ་གཟའ་འཁོར་རེར་དགོང་མོ་གཉིས་རེ་སློབ་མ་ཚོར་རྒྱ་ཡིག་གི་ཤེས་བྱ་སློབ་པ་མ་ཟད། ཁུང་ཙི་སློབ་གླིང་གི་དང་བླངས་པ་གདན་ཞུ་བྱས་ནས་གཟའ་འཁོར་རེར་ཀྲུང་གོའི་དྲག་རྩལ་ཐེངས་རེ་བསླབས་ཏེ་སློབ་མ་ཚོས་ཀྲུང་གོའི་རིག་གནས་ལ་བཅངས་པའི་དགའ་སྣང་འཕེལ་བ་བྱེད་ཀྱི་ཡོད།
         སློབ་སྤྱི་ཀྲན་མུའུ་སི·ཝུའེའར་ཐེ་ཤིས་འར་གྱིས་གསར་འགོད་པར་མཱ་སི་ཝུའེའར་ཧྲན་སློབ་ཆུང་གི་དེ་སྔའི་ཕྱི་རྒྱལ་གྱི་སྐད་ཡིག་ནི་ཧྥ་རན་སེའི་སྐད་ཡིག་ཡིན་པ་དང་ལོ་གཉིས་ཀྱི་གོང་ཁོང་དང་ལས་རོགས་ཚོ་སྤེལ་རེས་བྱས་པ་ལས་ཉེ་འགྲམ་གྱི་སློབ་གྲྭ་མང་པོས་ཁུང་ཙི་སློབ་གླིང་དང་མཉམ་ལས་བྱས་ཏེ་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། ཁུལ་ནང་གི་སློབ་འབྲིང་གིས་ཀྱང་རྒྱ་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་པ་ཤེས་རྟོགས་བྱུང་བ་དང་ཁྱིམ་བདག་མང་པོས་ཀྱང་རྒྱ་ཡིག་སློབ་རྒྱུའི་རེ་བ་འདོན་གྱི་ཡོད་པས་ལོན་ཏོན་ནན་ཨན་སློབ་ཆེན་ཁུང་ཙི་སློབ་གླིང་དང་མཉམ་ལས་བྱས་ཏེ་ཀྲུང་གོའི་དགེ་རྒན་གདན་དྲངས་ནས་རྒྱ་ཡིག་སློབ་ཚན་འཁྲིད་ཀྱི་ཡོད། ཐང་ཧོན་དང་ཅའོ་དབྱང་གཉིས་ཀྱི་གཟེངས་སུ་ཐོན་པའི་སློབ་ཁྲིད་སྦྱངས་འབྲས་ལས་ཧྥ་རན་སེའི་སྐད་ཡིག་མེད་པ་བཟོས་ཏེ་ནུས་ཤུགས་ཡོད་རྒུས་རྒྱ་ཡིག་སློབ་ཁྲིད་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་ངོ་སྤྲོད་བྱས།
         ཐང་ཧོན་གྱིས་ཁོང་དང་ཅའོ་དབྱང་གཉིས་ཀྱིས་དབྱིན་ཇིའི་ཕྲུ་གུ་ཚོར་ཚོར་སྣང་་མི་འདྲ་བའི་འཇིག་རྟེན་ཞིག་བཏོད་དེ་ཕྲུ་གུ་ཚོར་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་བསླབ་པས་མི་རིང་བར་འབྲས་བུ་བཟང་པོ་སྨིན་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་རིག་གནས་སྔར་བས་སྤེལ་རེས་ཐུབ་རྒྱུར་སྐུལ་མ་ཐེབས་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།