འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལང་ཚོའི་མེ་ཏོག་གྲོང་གསེབ་ཀྱི་ས་གཞི་ཆེ་མོར་མཚར་དུ་བཞད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་20ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5པ་འཆར་བ་དང་སྦྲགས་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་རི་བོ་ཀྱང་སྔོ་ཐིང་ཐིང་དུ་འགྱུར་འགོ་ཚུགས། རླངས་འཁོར་གྱ་གྱུའི་རི་ལམ་ཐོག་བསྐྱོད་སྐབས་གྲོང་སྡེ་དག་རི་བོའི་གསེབ་ཏུ་བརྒྱན་པའི་མེ་ཏོག་ཇི་བཞིན་ཐར་ཐོར་དུ་གནས་འདུག ཆུ་ཚོད་གཉིས་ཙམ་རིང་ཁུག་ཀྱོག་ཆེན་པོ་བཅུ་གྲངས་ཁ་ཤས་བརྒྱུད་མཐར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ཆུས་ལུའུ་ཧྭ་ཤང་ཁྲེང་པེ་ཧོ་གྲོང་ཚོའི་བུ་བཅོལ་ཁང་འདྲེན་བྱེད་ཡུལ་དུ་གསལ་ལེར་འཆར།
          ལོ་26ལ་སླེབས་པའི་ཆིང་ཧའེ་ཤུང་ནི་བུ་བཅོལ་ཁང་དེའི་དགེ་རྒན་གཅིག་པུ་དེ་ཡིན། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་2800ཙམ་ཟིན་པའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་དེར་མིག་སྔར་ཆིང་ཧའེ་ཤུང་དང་སློབ་མ་གཉིས་ལས་མེད།
          ཉིན་དེར་ལོ་གསུམ་ལ་སླེབས་པའི་ཁྲེན་ལི་ཕུང་ནད་དགོངས་ཞུས་པས། བུ་བཅོལ་ཁང་དུ་ཆིང་ཧའེ་ཤུང་དང་ལོ་5ལ་སླེབས་པའི་ཀུའོ་ཀེ་ཁའེ་ལས་མི་འདུག གསར་འགོད་པ་བུ་བཅོལ་ཁང་དུ་སླེབས་སྐབས་ཆིང་ཧའེ་ཤུང་གིས་བྱིས་གླུ་གཏོང་ཞོར་ཀུའོ་ཏེ་ཁའེ་ལ་འཇུར་སྒྲོག་འཆིང་སྟངས་སློབ་བཞིན་འདུག
          མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ཆུས་ནི་རྒྱལ་ཁབ་ཀྱི་ལིའུ་ཕན་ཧྲན་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཞིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་19ཡི་ཁྲོད་ནས་14རྨ་ཆུ་དང་ཙོང་ཆུའི་གཞོགས་གཉིས་ཀྱི་མཐོ་གྲང་རི་ཁུལ་དུ་གནས་ཡོད། “འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། མི་འདུས་སྡོད་བྱ་ཡུལ་ཁ་ཐོར་ཡིན་པ། དཔལ་འབྱོར་རྗེས་སུ་ལུས་པ་བཅས་ཀྱི་རྐྱེན་པས། 2009ལོའི་གོང་ཁྲེང་པེ་ཧོ་སོགས་ཐག་རིང་གྲོང་གསེབ་ཏུ་སློབ་ཞུགས་གོང་གི་སློབ་གསོ་སྤྱིར་ན་མེད་པ་དང་གཅིག་མཚུངས་རེད”ཅེས་ལེ་ཏུའུ་ཆུས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལི་ཕེ་ཡུས་ཀྱིས་དེ་ལྟར་བཤད།
          2009ལོའི་ཟླ་9པར་ཀྲུང་གོ་འཕེལ་རྒྱས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་རོགས་རམ་འོག་ལེ་ཏུའུ་ཆུས་ཀྱིས་ས་ཁུལ་དབུལ་པོའི་བྱིས་པའི་སློབ་ཞུགས་གོང་གི་སློབ་གསོའི་རྣམ་གྲངས་ཚོད་ལྟ་ལག་ལེན་བསྟར་འགོ་བཙུགས་ཏེ། རྒྱ་ཆེའི་རི་ཁུལ་གྱི་བྱིས་པར་ཐོག་མ་ནས་རྨང་གཞིའི་སློབ་གསོ་དྲང་སྙོམས་ཡོང་བར་རོགས་རམ་བྱས་ཡོད། རྣམ་གྲངས་ཀྱིས་སྔ་རྗེས་སུ་དགེ་རྒན་གཞོན་ནུ་དང་བླངས་པ་བརྒྱ་གྲངས་ཁ་ཤས་གདན་ཞུ་བྱས་པའི་ཁྲོད་ཆིང་ཧའེ་ཤུང་དེའི་གྲས་ཤིག་ཡིན་པ་རེད།
          ཆིང་ཧའེ་ཤུང་2012ལོར་ལེ་ཏུའུ་ལས་རིགས་སློབ་གྲྭའི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ནས་ཐོན་པ་དང་། 2013ལོར་དང་བླངས་པའི་ཡིག་རྒྱུགས་བཏང་རྗེས་ཁོང་གིས་རང་འགུལ་ངང་རང་ཉིད་སྐྱེས་ས་འཚར་སའི་གྲོང་སྡེར་ལོག་རྒྱུའི་རེ་འདུན་ཞུས་པ་རེད།
          ལོ་འགའ་ཤས་གོང་གི་གནས་ཚུལ་སྐོར་གླེང་སྐབས་ཆིན་ཧའེ་ཤུང་གི་ངོ་གདོང་ནས་འཛུམ་མདངས་ཤིག་འཕྱུར། ཆུང་བྱིས་པའི་དུས་ནས་རི་ཁུལ་དུ་འཚར་ལོངས་བྱུང་བའི་ཆིན་ཧའེ་ཤུང་གིས་སློབ་གསོ་ནི་གལ་ཆེན་པོ་ཡིན་པ་རྟོགས་ཀྱི་ཡོད། “བུ་བཅོལ་ཁང་དུ་བསྐྱོད་མྱོང་བའི་ཕྲུ་གུས་སློབ་ཆུང་གི་འཚོ་བའི་ནང་སྤྱི་སྐད་གོ་ཐུབ་པ་མ་ཟད། ཤོད་ཀྱང་ཤེས་ཀྱི་ཡོད། གཙང་སྦྲར་སྣང་ཆེན་དང་གུས་ཞབས་ཤེས་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཀྱི་ཡོད། སློབ་སྦྱོང་ཁྲོད་འཕྲད་པའི་གནད་དོན་ཐད་དེ་བས་ཡིད་ཆེས་ཀྱིས་ཁེངས་པ་དང་ཐག་གཅོད་ཀྱི་ནུས་པ་ལྡན་ཡོད། ང་རང་ཆུང་དུས་བུ་བཅོལ་ཁང་དུ་བསྐྱོད་མྱོང་མེད། ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་པས་ངའི་བསམ་པར་དེ་གའི་ཕྲུ་གུ་ཚང་མ་བུ་བཅོལ་ཁང་དུ་བསྐྱོད་ཐུབ་ན་སྙམ་གྱི་འདུག”ཅེས་ཆིན་ཧའེ་ཤུང་གིས་བཤད།
          གྲོང་ཁྱེར་དང་གྲོང་རྡལ་ཅན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཁྲེང་པེ་ཧོ་གྲོང་ཚོའི་དུད་ཚང་200ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་གྲོང་ཁྱེར་དུ་བསྐྱོད་པ་དང་ད་དུང་ན་ནིང་དེར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བས་ཞིང་བྲེལ་སྐབས་སུའང་གྲོང་མི་དུད་ཚང་10ལྷག་ཙམ་ལས་མེད་ལ། གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་ཡང་ཉུང་དུ་ཕྱིན་ཡོད། 2017ལོར་བུ་བཅོལ་ཁང་དུ་ཕྲུ་གུ་གཉིས་ལས་ལྷག་མེད།
         ལོ་10ཙམ་འབད་བརྩོན་བྱས་པ་བརྒྱུད། ལེ་ཏུའུ་ཡི་གྲོང་ཚོར་བུ་བཅོལ་ཁང་107ཡོད་པ་དང་བུ་བཅོལ་ཁང་དུ་བསྐྱོད་མཁན་ཕྲུ་གུ་ཡང་2965བར་མང་དུ་ཕྱིན་ཡོད། གླ་ཕོགས་སྒོར་2000ཡང་མ་ཟིན་ནའང་གཞོན་ནུ་དང་བླངས་པའི་དགེ་རྒན་200ཙམ་གྱིས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་གྲོང་གསེབ་དབུལ་པོའི་ཕྲུ་གུར་སློབ་ཞུགས་གོང་གི་སློབ་གསོ་ཐོབ་རྒྱུའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་བཞིན་ཡོད།
          “དགེ་རྒན་ནི་མི་རྣམས་ཀྱིས་གུས་བཀུར་ཐོབ་འོས་པའི་ལས་རིགས་ཤིག་ཡིན་ལ་ལྷག་དོན་དུ་རི་ཁུལ་དུ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་མཁན་གཞོན་ནུ་དང་བླངས་པའི་དགེ་རྒན་ནི་དེ་བས་ཀྱང་གུས་བཀུར་ཞུ་འོས་པ་ཞིག་རེད། ཁོང་ཚོས་རི་ཁུལ་གྱི་ཕྲུ་གུའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་བྱེད་པ་དང་ཕྲུ་གུ་ཚོ་རི་ཁུལ་ནས་བྲལ་ཏེ་ཕུགས་བསམ་དོན་གཉེར་བྱེད་པའི་ལམ་བུའི་ཐོག་རེ་བའི་མེ་ལྕེ་སྤར་ཡོད”ཅེས་ལི་ཕེ་ཡུས་ཀྱིས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།