འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ཁོར་ཡུག་པུས་འབྲི་ཆུའི་རྒྱུད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་
    གསར་སྤེལ་བྱེད་སྤྱོད་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སྣོད་བཅུད་ཁོར་ཡུག་པུས་བརྡ་ཐོ་བཏང་ནས་འབྲི་ཆུའི་རྒྱུད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གསར་སྤེལ་བྱེད་སྤྱོད་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         འབྲི་ཆུ་ནི་རང་རྒྱལ་གྱི་སྣོད་བཅུད་བང་མཛོད་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། དེའི་སྣོད་བཅུད་ཐེག་ནུས་ནི་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཀྱི་གཞི་རྩའི་འགན་ལེན་ཞིག་ཡིན་མོད། འོན་ཀྱང་མིག་སྔར་འབྲི་ཆུའི་རྒྱུད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཁག་གཅིག་ཏུ་ཁྲིམས་འགལ་སྒྲིག་འགལ་གྱི་གསར་སྤེལ་བྱེད་སྤྱོད་སྔར་བཞིན་གནས་ནས་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་དང་ཉེན་ཁ་ཚབས་ཆེན་འཕྲད་བཞིན་ཡོད།
         འབྲི་ཆུའི་རྒྱུད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གསར་སྤེལ་བྱེད་སྤྱོད་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད། སྣོད་བཅུད་ཁོར་ཡུག་པུས་ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཅང་ཤིས། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ“ལྗང་ཕུབ2018”ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་གྱི་ཆེད་དོན་བྱ་སྤྱོད་ཁྱབ་ཁོངས་ནང་བཅུག་པའི་རྨང་གཞིའི་ཐོག འབྲི་ཆུའི་ཆུ་གཞུང་ཨ་མ་དང་ཆུ་ལག་གཙོ་བོའི་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་རིགས་ཁག་དང་རིམ་པ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གཞན(གྲགས་ཅན་ཡུལ་ལྗོངས་ཁུལ་དང་། ནགས་ཚལ་སྤྱི་གླིང་། འདམ་རའི་སྤྱི་གླིང་སོགས)ལྟ་སྐུལ་ཞིབ་བཤེར་གྱི་ཁྱབ་ཁོངས་ནང་བཅུག་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཕྱོགས་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱེད་དགོས་པ། འབྲི་ཆུའི་ཆུ་གཞུང་ཨ་མ་དང་ཆུ་ལག་གཙོ་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་སྒྲིག་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་བཙན་བཟུང་དང་། གྲུ་ཁ་བསྐྲུན་པ། བྱེ་རྡོ་བསྔོགས་པ། བཟོ་ལས་གསར་སྤེལ། གཏེར་རི་སྔོག་འདོན། བདག་ཏུ་མ་བཟུང་བའི་ཆུ་སྐྱེས་སྲོག་ཆགས་བཟུང་བ། འདམ་ར་བཙན་བཟུང་དང་གཏོར་སྐྱོན། རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དང་བར་ཆོད་ཁུལ་དུ་ཡུལ་སྐོར་གསར་སྤེལ་དང་ཆུ་གློག་གསར་སྤེལ་སོགས་སྣོད་བཅུད་ལ་གཏོར་སྐྱོན་གཏོང་བའི་གནད་དོན་གཙོ་གནད་ཐོག་གྲལ་བཤེར་བྱས་ནས་གནད་དོན་གྱི་རྩིས་ཁྲ་ཞིབ་ཕྲ་བཟོས་ཏེ། དོན་ཚན་ལ་གཞིགས་ནས་རྩིས་ཐོ་འགོད་པ་དང་དག་ཐེར་ཐོ་བསུབ་ཀྱི་ལམ་ལུགས་ལག་ལེན་བསྟར་ཏེ་ཕྱོགས་ཡོངས་ནས་དག་ཐེར་གཙང་མ་བྱེད་དགོས།
         རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་ཐུབ་མ་ཐག་ཞིབ་བཤེར་ཐག་གཅོད་བྱས་ཏེ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། འབྲེལ་ཡོད་འགན་འཁྲིའི་ཚན་པ་དང་འགན་འཁུར་བར་ཐག་གཅོད་ནན་པོ་བྱེད་དགོས་ཁར། ཁོང་ཚོས་རྦད་དེ་དག་ཐེར་དང་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུར་ལྟ་སྐུལ་ཡང་བྱེད་དགོས། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བའི་དབང་གིས་སྣོད་བཅུད་ལ་གཏོར་སྐྱོན་ཕོག་རིགས་འབྲེལ་ཡོད་ས་གནས་སྲིད་གཞུང་དང་སྡེ་ཚན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།