འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། གསར་འགོད་པར་ཀྲུང་གོ་རྒན་རྒོན་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་རྒན་རྒོན་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པ་དང་སྤྱི་ཚོགས་ཚན་རིག་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་《རྒན་རྒོན་གྱི་རྒྱབ་ཤ་སྔོན་པོའི་དེབ་སྟེ། ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་གྱི་བརྟག་དཔྱད་སྙན་ཞུའི(2018)》ནང་མངོན་པ་ལྟར་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། ད་རེས་ཀྱི་བརྟག་དཔྱད་ཁྲོད་རྒན་རྒོན་60.8%ཡིས་ལན་བཏབ་པའི“བདེ་སྐྱིད་ཚོར་བ”དེ་2000ལོའི་48.8%ལས་བརྒྱ་ཆའི་གྲངས་12.0འཕར་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བདེ་སྐྱིད་ཚོར་བའི་རྒན་རྒོན་གྱི་བསྡུར་གྲངས་མཐོ་བ་ནས་དམའ་བའི་བར་བང་སྒྲིག་པ་དང་། ཨང་དང་པོ་ནས་ལྔ་པ་བར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ནི་བོད་ལྗོངས(84.3%)དང་། ཐེན་ཅིན(79.7%) པེ་ཅིང(78.5%) མཚོ་སྔོན(71.1%) ཀྲེ་ཅང(70.7%)བཅས་རེད།
         བརྟག་དཔྱད་སྙན་ཞུའི་ཐོག་ནས་མངོན་པར་གཞིགས་ན། རྒན་རྒོན་གྱི་བདེ་ཐང་དང་སྨན་བཅོས་ཀྱི་གནས་ཚུལ་ལ་བལྟས་ན། རྒན་རྒོན་གྱི་བདེ་ཐང་གནས་ཚུལ་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད། 2015ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་32.8%ཀྱིས་རང་འདེམས་བྱས་པའི་བདེ་ཐང་གི་གནས་ཚུལ“ཡག་ཚད”དེ་2000ལོ་ལས་བརྒྱ་ཆའི་གྲངས་5.5འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་གསེབ་ཀྱི་རྒན་རྒོན་27.7%གྱིས་རང་འདེམས་བྱས་པའི་བདེ་ཐང་གི་གནས་ཚུལ“ཡག་ཚད”དེ་2000ལོ་ལས་བརྒྱ་ཆའི་གྲངས་1.4འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒན་རྒོན་37.6%གིས་རང་འདེམས་བྱས་པའི་བདེ་ཐང་གི་གནས་ཚུལ“ཡག་ཚད”དེ་2000ལོ་ལས་བརྒྱ་ཆའི་གྲངས་7.0འཕར་ཡོད་པ་རེད།
         བརྟག་དཔྱད་སྙན་ཞུའི་ཐོག་ནས་མངོན་པར་གཞིགས་ན། རྒན་རྒོན་ལ་ལྟ་སྐྱོང་དང་། བདག་སྐྱོང་། ཞབས་ཞུ་བཅས་བྱེད་པའི་གནས་ཚུལ་ལ་བལྟས་ན། རྒན་རྒོན་གྱི་ལྟ་སྐྱོང་དང་ཞབས་ཞུའི་དགོས་མཁོ་མུ་མཐུད་ཆེ་རུ་སོང་བ་དང་སྡེ་ཁུལ་གྱི་རྒན་རྒོན་ཞབས་ཞུའི་འདོན་སྤྲོད་དང་དགོས་མཁོའི་གྲུབ་ཆའི་འཕེལ་རྒྱས་དོ་སྙོམས་ཡོད་པ་རེད། མཁོ་སྤྲོད་བྱེད་ཚད་10%ལས་བརྒལ་བའི་ཞབས་ཞུའི་རྣམ་གྲངས་ཀྱི་གྲས་སུ་འཚོ་བའི་རིགས་ཀྱི་ཞབས་ཞུའི་རྣམ་གྲངས་ཁྲོད་སྡེ་ཁུལ་33.0%ལ་བཅའ་ཁྲིམས་སམ་ཡང་ན་དབང་སྲུང་ཞབས་ཞུ་དང་། སྡེ་ཁུལ་21.8%ལ་པུར་འཇུག་ཞབས་ཞུ། སྡེ་ཁུལ་15.6%ལ་རྒན་གསོའི་ཞབས་ཞུ། སྡེ་ཁུལ་15.2%ལ་ཁྱིམ་ལས་ཞབས་ཞུ་བཅས་ཡོད་པ་དང་། སྨན་བཅོས་དྲག་སྐྱེད་རིགས་ཀྱི་ཞབས་ཞུའི་རྣམ་གྲངས་ཁྲོད་སྡེ་ཁུལ་37.5%ལ་བདེ་ཐང་གི་ཆེད་དོན་འཆད་ཁྲིད་ཞབས་ཞུ་དང་། སྡེ་ཁུལ་35.0%ལ་སྒོ་རྩར་བསྐྱོད་དེ་སྨན་བཅོས་བྱེད་པའི་ཞབས་ཞུ། སྡེ་ཁུལ་15.5%ལ་སེམས་ཁམས་བློ་འདྲིའི་ཞབས་ཞུ། སྡེ་ཁུལ་12.3%ལ་དྲག་སྐྱེད་ཞབས་ཞུ་བཅས་ཚུད་ཡོད་པ་རེད།
         བརྟག་དཔྱད་སྙན་ཞུའི་ཐོག་ནས་མངོན་པར་གཞིགས་ན། རྒན་རྒོན་གྱི་དཔལ་འབྱོར་གནས་ཚུལ་ལ་བལྟས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་ཡོད། འོན་ཀྱང་ཡོང་འབབ་ཀྱི་ཧེ་བག་སྔར་བཞིན་ཆེན་པོ་ཡོད། 2014ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་རྒན་རྒོན་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་23930ཟིན་པ་དེ་2000ལོའི་ལྡབ་3.24ཡིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་རེར་ཆ་སྙོམས་5.86%དངོས་སུ་འཕར་ཡོད། གྲོང་གསེབ་ཀྱི་རྒན་རྒོན་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7621ཟིན་པ་དེ་2000ལོའི་ལྡབ་4.62ཡིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་རེར་ཆ་སྙོམས་9.06%འཕར་ཡོད། གྲོང་གསེབ་ཀྱི་ལོ་རེར་ཆ་སྙོམས་དངོས་སུ་འཕར་ཚད་གྲོང་ཁྱེར་ལས་མགྱོགས་པ་ཡོད་ཅིང་། རྒན་རྒོན་གྱི་འཛད་སྤྱོད་ནུས་པ་ཆེ་རུ་སོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་སོང་ཡོད། 2014ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་རྒན་རྒོན་མི་རེའི་ཆ་སྙོམས་འཛད་སྤྱོད་ཆུ་ཚད་སྒོར་20186ཟིན་པ་དེ་2000ལོའི་ལྡབ་2.81ཡིན་པ་དང་། གྲོང་གསེབ་ཀྱི་རྒན་རྒོན་མི་རེའི་ཆ་སྙོམས་འཛད་སྤྱོད་ཆུ་ཚད་སྒོར་8884ཟིན་པ་དེ་2000ལོའི་ལྡབ་4.51ཟིན་ནས་གྲོང་གསེབ་ཀྱི་འཕར་ཚད་དེ་གྲོང་ཁྱེར་ལས་མགྱོགས་པ་ཡོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།