འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཨ་རིར་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཚོགས་གཙོ་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཚེས་9ཉིན་ནས་14ཉིན་བར་ཨ་རིར་འཚམས་འདྲི་གནང་ཞིང་། ཝ་ཧྲིང་ཐོན་དུ་སྐུ་ཚབ་ཚོགས་པས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དང་དེ་བཞིན་རྒྱལ་དོན་ཁང་གི་དཔོན་རིགས་དང་མཇལ་འཛོམས་གནང་བ་དང་འབྲེལ་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་བཞུགས་མོལ་ཡང་གནང་བ་རེད། ཅིའུ་ཅིན་ཧྲན་དུ་སྐུ་ཚབ་ཚོགས་པས་ས་གནས་དེར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། བོད་རིགས་སྤུན་ཟླ་བཅས་དང་སྤེལ་རེས་གནང་བ་རེད།
         ཨ་རི་ཕྱོགས་དང་ཐུག་འཕྲད་བྱེད་སྐབས་པད་མ་དབང་འདུས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་དབར་གྱི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱེད་པའི་ཐོག་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་རྒྱ་ཁྱབ་བྱུང་ནས་ཀྲུང་ཨའི་འབྲེལ་བར་ཁྲིད་སྟོན་བྱེད་པར་གལ་ཆེ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། དེ་དང་ཆབས་ཅིག་ཀྲུང་ཨའི་འབྲེལ་བར་འགལ་ཟླ་དང་ཚོར་སྣང་རྐྱེན་པའི་གནད་དོན་ཁ་ཤས་ལྷག་ཡོད་པ་དེ་དག་ཐག་གཅོད་འོས་འཚམ་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བཞག་པའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་ཧུར་ཐག་བྱ་རྒྱུ་དང་ཨ་རི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཤེས་རྟོགས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས།
         པད་མ་དབང་འདུས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ལྷག་ཙམ་སོང་རིང་། བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དམངས་ཚོགས་ཀྱི་དབང་ཆ་དང་རང་དབང་ལ་འགན་ལེན་གང་ལེགས་བྱུང་ཡོད། འདི་ནི་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་རེད་ཅེས་གསུངས་ཤིང་། ཁོང་གིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་དང་དེ་བཞིན་ཀྲུང་གོའི་ལྟེ་བར་ཁེ་ཕན་དང་འབྲེལ་བ་ཡོད། བོད་ཀྱི་བྱ་བ་ཀྲུང་གོའི་ནང་སྲིད་ཀྱི་ཁོངས་སུ་གཏོགས་པས་ཕྱི་རྒྱལ་གྱི་རྒྱལ་ཁབ་སུ་ཞིག་ལའང་ཐེ་ཇུས་བྱེད་དབང་མེད། བོད་ཀྱི་གནས་ཚུལ་བོད་དུ་འཚོ་བ་སྐྱེལ་མཁན་མི་དམངས་ཁྲི་300ལྷག་ཙམ་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། ཨ་རི་ཕྱོགས་ཀྱིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་གལ་ཆེའི་ཚོར་སྣང་རྐྱེན་པའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་ཀྲུང་གོར་ངོ་རྒོལ་དང་ཀྲུང་གོ་ཁ་ཕྲལ་གཏོང་མཁན་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་གསལ་རྟོགས་ཐུབ་པ་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་ཏན་ཏིག་བྱས་ཐོག་ཏཱ་ལའི་རུ་ཚོགས་ཀྱི་གཏེ་པོ་འཁྱམ་མྱུལ་བྱེད་དུ་མི་འཇུག་པ་དང་། ཏཱ་ལའི་རུ་ཚོགས་དང་རྣམ་པ་གང་རུང་གི་བྱེད་ཐབས་ལ་བརྟེན་ནས་འབྲེལ་བ་མི་བྱེད་པ། ཏཱ་ལའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་དང་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་རྒྱབ་སྐྱོར་དང་སྟབས་བདེ་མི་སྐྲུན་པ། བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཡིད་གཟབ་ངང་ཐག་གཅོད་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བར་འགོག་རྐྱེན་བཟོ་བ་འགོག་དགོས་ཞེས་ནན་བཤད་གནང་བ་རེད།
         ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་ནི་རླབས་ཆེན་གྱི་རྒྱལ་ཁབ་གཅིག་རེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མི་མཐུན་པའི་ཆ་ཡོད་ཀྱང་། སྤྱི་ཡོངས་ནས་བརྗོད་ན་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ཨ་རི་ཕྱོགས་ཀྱིས་དགེ་མཚན་ལྡན་པ་དང་གྲུབ་འབྲས་ཀྱིས་སྟོན་ཕྱོགས་བྱེད་པའི་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱེད་པ་དང“བོད་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་ལངས་ཕྱོགས་དེར་འགྱུར་ལྡོག་བཏང་མེད་ཅེས་བཤད།
         སྐུ་ཚབ་ཚོགས་པས་ཝ་ཧྲིང་ཐོན་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། བོད་རིགས་སྤུན་ཟླ་བཅས་དང་སྤེལ་རེས་བྱས་ཏེ་ད་ཕན་ལོ་ཤས་རིང་བོད་ཀྱི་ཁྱབ་ཁོངས་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་གནང་ཞིང་། པད་མ་དབང་འདུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལོ་བཅུ་ཕྲག་རིང་རྗེས་ལུས་ནས་ཡར་རྒྱས་དང་། དབུལ་ཕོངས་ནས་འབྱོར་ཕྱུག་ལྡན་པ། སྒོ་བརྒྱབ་པ་ནས་སྒོ་འབྱེད་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་དེང་གི་བོད་ལྗོངས་ལོ་རྒྱུས་ཐོག་གི་འོད་སྟོང་འཕྲོ་བའི་དུས་སྐབས་སུ་གནས་ཡོད་ཅེས་གསུངས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། བོད་རིགས་སྤུན་ཟླ་བཅས་ཀྱིས་བོད་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་གྲུབ་འབྲས་ལ་སྤོབས་པ་ཚད་མེད་སྐྱེས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ལ་སྐུལ་འདེད་གཏོང་བ་དང་མེས་རྒྱལ་དང་ཕ་ཡུལ་གྱི་འཕེལ་རྒྱས་དང་གྲ་རྒྱས་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བཤད།
         འཚམས་འདྲི་གནང་རིང་སྐུ་ཚབ་ཚོགས་པས་ད་དུང་སྨྱན་སྦྱོར་གྱི་མཉམ་སྡེབ་བཅར་འདྲི་དང་ལེན་གནང་བ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།