འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཁྲའོ་ཞན་གྱིས་བྱང་རྒྱུད་ཀྱི་ཉིང་རྡུལ་ཚོད་ལྟ་བྱ་ཡུལ་མེད་
    པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཝི་ཨེན་ན་རུ་ཁྲའོ་ཞན་གྱིས་བྱང་རྒྱུད་ཀྱི་ཉིང་རྡུལ་ཚོད་ལྟ་བྱ་ཡུལ་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུ་རྒྱུ་དང་འབྲེལ་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་མི་སྣ་སིང་ཀ་ཕོར་དུ་ཐུག་འཕྲད་བྱས་ནས“དགེ་མཚན་ལྡན་པའི་རྣམ་པ”དེ་བརྟན་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
        ཀུའུ་ཐེ་ལེ་སིས་ཨོ་སི་ཁྲུ་རི་ཡའི་ཙུང་ལིའི་ལས་ཤག་ཏུ་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུར་ཚེ་དང་གྲོས་མོལ་བྱས་རྗེས་སྨྱན་སྦྱོར་ལ“ཉིང་རྡུལ་ཚོད་ལྟ་བྱ་ཡུལ་སྒོ་རྒྱག་རྒྱུ་དེ་ནི་ཡིད་ཆེས་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེས་ཁྲའོ་ཞན་ཕྱེད་གླིང་རྒྱུན་མཐུད་ཞི་བདེ་ཡོང་བ་དང་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་རྒྱུར་ཕན་པ་ཐོབ་སྲིད”ཅེས་བཤད།
         ཀུའུ་ཐེ་ལེ་སིས“དགེ་མཚན་ལྡན་པའི་རྣམ་པ”དེ་ཟླ་6པར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་སིང་ཀ་ཕོར་དུ་ཐུག་འཕྲད་བྱེད་རིང་དེ་བས་བརྟན་དུ་འགྲོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
         ཁྲའོ་ཞན་ཕྱི་དོན་ཧྲེང་གིས་ཉེ་ཆར་འདི་ཟླའི་ཚེས་23ནས་25ཉིན་དབར་ལ་ཁྲའོ་ཞན་བྱང་རྒྱུད་ཀྱི་ཉིང་རྡུལ་ཚོད་ལྟ་བྱ་ཡུལ་དེ་མེད་པར་བཟོ་བའི་མཛད་སྒོ་འཚོག་རྒྱུ་དང་ཞིབ་ཕྲའི་དུས་ཚོད་གནམ་གཤིས་ལ་བལྟས་ནས་གཏན་འཁེལ་བྱ་རྒྱུ་ཡིན་པས་སྐབས་དེ་དུས་རྒྱལ་སྤྱིའི་གསར་འགོད་པའི་ཚོགས་པས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱ་ཆོག་པའི་ཁྱབ་བསྒྲགས་བྱས་པ་རེད།
         ཨ་རིས་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནས་ཕྱིར་འཐེན་བྱ་རྒྱུའི་གཏན་འཁེལ་བྱས་པའི་སྐོར་གླེང་སྐབས་ཀུའུ་ཐེ་ལེ་སིས་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནི་ཉིང་རྡུལ་མཚོན་ཆ་མི་མཆེད་པའི“ལག་ཆ་གལ་ཆེན”ཞིག་རེད་ཅེས་བཤད། ཁུར་ཚེས་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་གྱིས་ནུས་པ་ཐོན་ཡོད། ལྷག་པར་དུ་ས་ཁུལ་དེའི་བདེ་འཇགས་དང་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།
         ཀུའུ་ཐེ་ལེ་སིས་དེ་ཉིན་ཕྱི་དྲོ་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞིའི་སྤྱི་ཁྱབ་པུའུ་རུ་དྲ་བའི་ཉེས་གསོག་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་པ་དང་ཚེས་15ཉིན་ཁོང་ད་དུང་ཝི་ཨེན་ནར་འཚོགས་པའི་གནམ་གཤིས་སྲུང་སྐྱོང་གི་རྒྱལ་སྤྱིའི་གླེང་སྟེགས་ཤིག་ལ་ཞུགས་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།