འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དཔྱད་ཞིབ་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་སྣོད་བཅུད་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྣོད་བཅུད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་འགན་ལེན་བྱ་ཆེད་མཚོ་སྔོན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཡུན་རིང་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔྱད་ཞིབ་དམིགས་ཚད་མ་ལག་སྐྲུན་ནས་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་གི་འགན་འཁྲིའི་དྲ་བ་ཞིབ་ཚགས་སུ་བཏང་བ་དང་འབྲེལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔྱད་ཞིབ་དམིགས་ཚད་ལ་དམ་པོར་དམིགས་ནས་སྣོད་བཅུད་ལ་དམ་འཛིན་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།
        ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཕྱོགས་ལྔའི་ཐད་ནས་སྣོད་བཅུད་ཤེས་དཔལ་གྱི་དཔྱད་ཞིབ་དམིགས་ཚད་མ་ལག་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། སྣོད་བཅུད་དཔལ་འབྱོར་ལ་དམིགས་ཏེ་ཐོན་ཁུངས་བེད་སྤྱོད་དང་སྣོད་བཅུད་ཐོན་ལས་ནས་དམ་འཛིན་བྱས་ཏེ་GDPཡི་ནུས་རྒྱུ་ཟད་ཚད་ཆུང་དུ་གཏོང་བ་དང་ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་སོགས་ཕྱོགས་11གི་དཔྱད་ཞིབ་དམིགས་ཚད་བཟོས་པ་དང་། སྣོད་བཅུད་ཁོར་ཡུག་ལ་དམིགས་ཏེ་མི་སྡོད་ཁོར་ཡུག་ལ་དམ་འཛིན་བྱས་ཏེ་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་སོགས་ཕྱོགས་12ཀྱི་དཔྱད་ཞིབ་དམིགས་ཚད་བཟོས་པ། སྣོད་བཅུད་སྲུང་སྐྱོང་ལ་དམིགས་ཏེ་ཐོན་ཁུངས་སྲུང་སྐྱོང་དང་སྣོད་བཅུད་སླར་གསོ་ཐུབ་རྒྱུར་དམ་འཛིན་བྱས་ནས་ནགས་ཚལ་ཁྱབ་ཚད་དང་། གཏེར་རིའི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྒྲིག བྱེ་འགྱུར་ས་ཞིང་བཅོས་སྒྲིག་སོགས་ཕྱོགས་9ཡི་དཔྱད་ཞིབ་དམིགས་ཚད་བཟོས་པ། སྣོད་བཅུད་བྱ་སྤྱོད་ལ་དམིགས་ཏེ་ལྟ་བ་དང་བྱ་སྤྱོད་ཐོག་ནས་དམ་འཛིན་བྱས་ཏེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཁྱབ་ཚད་དང་། སྣོད་བཅུད་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་། ཤང་དང་གྲོང་རྡལ། རྫོང་གཏོད་འཛུགས་སོགས་ཕྱོགས་5ཡི་དཔྱད་ཞིབ་དམིགས་ཚད་བཟོས་པ། སྣོད་བཅུད་སྲིད་ཇུས་ལ་དམིགས་ཏེ་སྲིད་ཇུས་དང་བྱེད་ཐབས་བཟོ་རྒྱུ་དང་དོན་འཁྱོལ་བྱ་རྒྱུ་ནས་དམ་འཛིན་བྱས་ཏེ་སྦགས་བཙོག་དངོས་པོ་འབུད་ཚད་དོ་དམ་ལམ་ལུགས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་ནན་པོ་དང་རླུང་ཁམས་ཆེ་མོ་དང་ཆུ་སྦགས་བཙོག་འགོག་བཅོས་ཁུལ་གྱི་མཉམ་འགུལ་ལམ་སྲོལ་གྱི་དཔྱད་ཞིབ་དམིགས་ཚད་བཟོས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་གལ་ཆེའི་ནང་གི་འགངས་ཆེར་འཇོག་རྒྱུར་ཁྲིད་སྟོན་བཅས་བྱས་པ་རེད།
        ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་བཅའ་ཁྲིམས་ཁྲིམས་སྲོལ་བཟོས་ནས་བཏོན་པ་དང་འབྲེལ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྩིས་གཞིའི་GDPཡི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཉུང་དུ་གཏོང་བ་དང་། ད་ཡོད་རྨོ་ཞིང་འབོར་ཚད། ཆུ་ནུས་ཁུལ་གྱི་ཆུ་སྤུས་ལེགས་ཚད། ཆུའི་ཐོན་ཁུངས་ཀྱི“དམར་ཐིག་གསུམ”སོགས་ཚོད་འཛིན་རང་བཞིན་གྱི་དཔྱད་ཞིབ་དམིགས་ཚད་16བཟོས་པ་དང་ཆབས་ཅིག གཏན་འབེབས་ཁ་གསལ་བཟོས་ནས་རང་བྱུང་སྲུང་སྐྱོང་ཁུལ་དུ་ནུས་པའི་ངེས་གནས་དང་མི་འཚམ་པའི་གསར་སྤེལ་འཛུགས་སྐྲུན་གྱི་ལས་དོན་སྤེལ་རྒྱུ་གཏན་འགོག་བྱས་པ་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་དོན་རྐྱེན་ཚབས་ཆེན་ཐོན་ས་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པའི་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཐོན་སའི་ས་ཁུལ་ལ“སྤ་སེ་གཅིག་གིས་ཁྲུ་སློག་པའི”བྱེད་ཐབས་ལག་བསྟར་དང་། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་མཐའ་ཚད་དང་དམར་ཐིག་གཏན་འཁེལ་ནན་པོ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲི་རིམ་གྱིས་དོན་འཁྱོལ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་སྣོད་བཅུད་དྭངས་གཙང་ཡོང་རྒྱུར་ཁྲིད་སྟོན་བཅས་བྱས་པ་རེད།
         དེ་དང་ཆབས་ཅིག་གཙོ་གནད་གསར་སྤེལ་ཁུལ་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཀྲོའུ་བཅས་སུ་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔྱད་ཞིབ་ལ་མཐོང་ཆེན་བྱས་པ་མ་ཟད། སྣོད་བཅུད་ཤེས་དཔལ་དཔྱད་ཞིབ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་འཕེལ་རྒྱས་དང་། སྣོད་བཅུད་ཤེས་དཔལ། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་དམིགས་ཚད་50%དང་། 20% 20% 10%བཅས་ནས་45%དང་། 25% 20% 10%བཅས་སུ་ལེགས་སྒྲིག་བྱས་པ་དང་། མཚོ་སྐོར་ས་ཁུལ་གྱི་མཚོ་ལྷོ་དང་མཚོ་བྱང་ཀྲོའུ་གཉིས་སུ་སྣོད་བཅུད་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་གྱི་དཔྱད་ཞིབ་35%དང་30%གཏན་འཁེལ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་མཚོ་སྔོན་གྱི་ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ་བཅས་ཀྲོའུ་གསུམ་གྱི་GDPདང་བཟོ་ལས་འཕེལ་རྒྱས་སོགས་ཀྱི་དམིགས་ཚད་དཔྱད་ཞིབ་མེད་པ་བཟོས་ཏེ། སྣོད་བཅུད་སྲུང་སྐྱོང་གི་གཙོ་གནད་མངོན་པ་བྱས་པ་དང་འབྲེལ་བྱེད་པོའི་ནུས་པའི་ངེས་གནས་གཞིར་བཟུང་། ཞིང་ཆེན་རིམ་པའི་ཞིང་ཞོར་ཐོན་ཟོག་ཐོན་ཁུལ་གཙོ་བོའི་Iརིགས་ཀྱི་རྫོང་8དང་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་IIརིགས་ཀྱི་རྫོང་20ཡི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་དང་། བཟོ་ལས་ཀྱི་འཕར་སྣོན་རིན་ཐང། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་བཞི་མེད་པར་བཟོས་པ། ཀྲོའུ་དང་། རྫོང་། ཞིང་ཆེན་ཐད་གཏོགས་སྡེ་ཚན་ཁག་གཅིག་ལ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་དོན་འཁྱོལ་བྱེད་པའི་ལས་འགན་གྱི་དཔྱད་ཞིབ་ནང་དོན་ཁ་སྣོན་བརྒྱབ་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཐོན་ཁུངས་ཁོར་ཡུག་ཐེག་ནུས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།