འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོབ་ནས་ཁ་གཏད་རོགས་སྐྲུན་བར།

    —— དབུན་ཁྲོན་ས་ཡོམ་གེགས་ཁུལ་དུ་ཐུན་མོང་ཕྱུག་འགྱུར་གྱི་འདུ་ཤེས་ལ་གཡུར་ཟའི་འབྲས་བུ་སྨིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ལོ་བཅུའི་གོང་། དབུན་ཁྲོན་དུ་གློ་བུར་དུ་ས་ཡོམ་ཚབས་ཆེན་ཞིག་བརྒྱབ་པ་དང་། ལོ་བཅུའི་རྗེས་དེ་སྔའི་ཞིག་རོའི་ཤུལ་དུ་གསོན་ཤུགས་ཀྱིས་ཁེངས་པའི་ཁྱིམ་གཞིས་གསར་པ་ཞིག་བསྐྱར་དུ་བསྐྲུན་ཡོད།
         དབུན་ཁྲོན་ས་ཡོམ་གེགས་ཁུལ་སླར་གསོ་བསྐྱར་སྐྲུན་བྱུང་བའི་མྱུར་ཚད་མགྱོགས་པོ་དང་དར་རྒྱས་གོང་འཕེལ་གྱི་ཕན་འབྲས་ཆེན་པོ་ལས་འཛམ་གླིང་གི་གེགས་འགོག་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད། དེའི་ནང་ཐུན་མོང་ཕྱུག་འགྱུར་གྱི་འདུ་ཤེས་ཀྱི་ཁྲིད་སྟོན་འོག་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་ལས་ནུས་པ་གལ་ཆེན་ཐོན་ཡོད།
         སེམས་མཐུན་སྟོབས་སྒྲིལ་གྱིས་གེགས་རྗེས་ཀྱི་ཁྱིམ་གཞིས་གསར་པ་བསྐྲུན་པ།
         ཟླ་4ཚེས་25ཉིན། ཕེང་ཁྲང་ཅང་ཀོང་ཏུང་ཧྥོ་ཧྲན་ནས་དབུན་ཁྲོན་རྫོང་ཆུ་འཁོར་གྲོང་རྡལ་དུ་ལོག འདི་ནི་དེ་སྔ་ཁོང་གིས་ཉིན་མཚན་མེད་པར་ལོ་གཉིས་ལྷག་ཙམ་འབད་འཐབ་བྱ་ཡུལ་རེད།
         དབུན་ཁྲོན་དུ་ས་ཡོམ་བརྒྱབ་རྗེས་ཕེང་ཁྲང་ཅང་ཧྥོ་ཧྲན་གྱི་རོགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས་ཆུ་འཁོར་གྲོང་རྡལ་དུ་ཡོང་བ་དང་། ཡུལ་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་ཡོད། “བཟོ་ལས་ཕྱིར་སྤོ་བ་དང་། ཀ་རྟེན་ཐོན་ལས་བརྗེ་བའི”བསམ་ཕྱོགས་གཞིར་བཟུང་། ཧྥོ་ཧྲན་གྱི་རོགས་སྐྲུན་པས་སྡོད་ཁང་བསྐྱར་སྐྲུན་དང་། སྒྲིག་བཀོད་རིམ་སྤོར། ཐོན་ལས་རིགས་སྒྱུར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་གཙོ་གནད་དུ་བཟུང་ནས་དེ་སྔའི་སྲོལ་རྒྱུན་བཟོ་ལས་ཁུལ་གྱི་ཆུ་འཁོར་གྲོང་རྡལ་དེ་ཉིད་སྣག་རིས་རི་མོ་བྲིས་པ་ལྟར་གྱི་སྣོད་བཅུད་ཡུལ་སྐོར་གྲོང་རྡལ་ལ་བསྒྱུར་བས་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་སྡོད་མལ་ཧྲུའུ་ཡི“གོ་ལ་ཧྲིལ་པོའི་གེགས་རྗེས་བསྐྱར་སྐྲུན་གྱི་དཔེ་མཚོན་ཡག་ཤོས”ལ་བརྩི་ཡི་ཡོད་པ་རེད།
        ཕེང་ཁྲང་ཅང་ནི་གེགས་རྗེས་བསྐྱར་སྐྲུན་ནང་ཞུགས་མཁན་རོགས་སྐྱོར་དཔུང་ཆེན་གྱི་མི་ཁྲི་30ལྷག་ཙམ་ཁྲོད་ཀྱི་གྲས་ཤིག་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས་གཞི་ཁྱོན་སྔར་ན་མེད་པ་དང་དཀའ་ཚད་སྔར་བྱུང་མ་མྱོང་བའི“འཛམ་གླིང་རང་བཞིན་གྱི་བསྐྱར་སྐྲུན་དཀའ་གནད”མདུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁ་གཏད་རོགས་སྐྱོར་ལམ་སྲོལ་སྤྱོད་འགོ་བཙུགས་ཏེ“ཞིང་ཆེན་གཅིག་གིས་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་གཅིག་ལ་རོགས་སྐྱོར”བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད།
        པེ་ཅིང་དང་། ཀོང་ཏུང་། ཧྲན་ཏུང་། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་18ཀྱིས་བྱ་སྤྱོད་མྱུར་པོ་སྤེལ་ནས་སི་ཁྲོན་གྱི་གེགས་ཁུལ་དུ་བསྐྱོད་པ་རེད། གེགས་ཁུལ་གྱི་ལས་བྱེད་མང་ཚོགས་ཁྲི་སྟོང་མང་པོས་སེམས་སྡུག་གི་མིག་ཆུ་ཕྱིས་པ་དང་ཞིག་རོའི་ཁྲོད་ནས་དཔའ་ངར་ཆེན་པོས་ལངས་ཏེ་རོགས་སྐྲུན་པ་ཚོ་དང་ལག་གདང་སྦྲེལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་འགོ་ཚུགས།
         རོགས་སྐྲུན་ཞིང་ཆེན་དང་གྲོང་ཁྱེར་གྱིས་གེགས་ཁུལ་དེ་ཉིད་རང་ཉིད་ཀྱི“དམིགས་བསལ་རྫོང”ཞིག་ལ་བརྩིས་ནས“ལོ་གསུམ་གྱི་ལས་འགན་ལོ་གཉིས་ལ་གཞི་རྩའི་ཆར་ལེགས་སྒྲུབ་བྱེད་པའི”དུས་ཚོད་བཀོད་སྒྲིག་གཞིར་བཟུང་ནུས་ཤུགས་ཡོད་རྒུས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཞིང་། ཁོང་ཚོས“ངལ་གསོ་ཉིན་གཅིག་ཀྱང་མི་རྒྱག་པ”དང“ཉིན་མཚན་བལྟོས་མེད”རྒྱུན་མཐུད་ཀྱི་ལས་ཀ་བྱ་ཐབས་སྤྱད་དེ་འབད་འཐབ་བྱས་ཡོད།
        ཐོན་ལས་སྣ་གཅིག་གོང་འཕེལ་བཏང་བ་ལས་ཕུགས་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་པ།
        “ཀྲེ་ཅང་གི་རོགས་སྐྱོར་མེད་ན་ཆིང་ཁྲོན་ཇའི་ཐོན་ལས་ཀྱི་ད་ཆའི་འཕེལ་རྒྱས་མེད”ཅེས་ཆིང་ཁྲོན་རྫོང་ཅིན་ཁྲོན་ཇ་ལོ་མཉམ་ལས་ཁང་གི་ལས་འཛིན་ཀྲང་ལུའེ་དབན་ཁྲུན་གྱིས་གསར་འགོད་པར་བཤད།
        ས་ཡོམ་བརྒྱབ་རྗེས་ཧང་ཀྲོའུ་རུ་གནས་པའི་ཀྲུང་གོ་ཞིང་ལས་ཚན་རིག་འདུས་ཁང་ཇ་ལོ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་གྱིས་དུས་ཡུན་རིང་པོའི་ནང་ཆིང་ཁྲོན་ཇའི་ཐོན་ལས་ལ་རོགས་སྐྱོར་བྱས་ཤིང་། ཆིང་ཁྲོན་གྱི་ས་ཁམས་དང་གནམ་གཤིས་ཆ་རྐྱེན་ལ་གཞིགས་ཏེ་འཆར་གཞི་བཟོས་ནས་ཡུལ་དེ་གར་ཀྲུང་ཧོང་ཨང་དང་པོ་དང་ལུང་ཅིང་43སོགས་སྣ་ཁ་གསར་པ་ནང་འདྲེན་བྱས་པ་དང་། འདེབས་འཛུགས་ལག་རྩལ་གསར་པ་ཁྱབ་གདལ་བཏང་བ་མ་ཟད་ཇ་ལོ་ལས་སྣོན་ལ་སྐུལ་ཁྲིད་དང་འཕེལ་རྒྱས་བཏང་ནས་ཇ་ཤིང་འདེབས་འཛུགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཏང་བ་རེད།
        ཅིན་ཧྭ་གྲོང་ཁྱེར་གྱིས་ད་དུང་ཅིན་ཁྲོན་ཇ་ལོ་མཉམ་ལས་ཁང་རོགས་སྐྲུན་བྱས་ཏེ་ཉམས་རྒུད་དུ་སོང་བའི་ཇ་ཞིང་ར་བར་སྒྱུར་བཀོད་བྱས་ཤིང་། སྒྱུར་བཀོད་བྱས་རྗེས་ཀྱི་ཇ་ཞིང་ར་བའི་མུའུ་རེའི་ཐོན་ཚད་ལྡབ་ལྔ་དྲུག་འཕར་ཡོད། ན་ནིང་མཉམ་ལས་ཁང་དེས་སྒོར་ཁྲི་3200ཟིན་པའི་ཇ་ལོ་བཙོངས་པར་མཉམ་ལས་ཁང་གི་ཁོངས་མིའི་ཁྲོད་ནས་དུད་ཚང་དབུལ་པོ་175དབུལ་སྒྲོལ་བྱུང་བ་དང་དེ་བྱིངས་ཀྱི་དུད་ཚང་དབུལ་པོ་33ཡང་འདི་ལོར་དབུལ་སྒྲོལ་ཐུབ་བཟོ་ཡོད་པ་རེད།
        གེགས་རྗེས་བསྐྱར་སྐྲུན་ཁྲོད་རོགས་སྐྲུན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མཁྲེགས་ཆས་དང་མཉེན་ཆས་འཛུགས་སྐྲུན་བྱ་རྒྱུ་གཉིས་ཟུང་འབྲེལ་དང་། དངོས་པོའི་རོགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་གཉིས་ཟུང་འབྲེལ། “རང་བརྟེན”དང“གཞན་བརྟེན”གཉིས་ཟུང་འབྲེལ་བཅས་བྱས་ནས་གེགས་ཁུལ་གྱི་མི་སེར་ཚོར་བསྐྱར་སྐྲུན་ཁྲོད་འཚོ་ཐབས་རྙེད་པར་བྱས་ཡོད་ལ་གེགས་ཁུལ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཀྱང་སྔར་བས་འཕེལ་བར་བྱས་ཡོད།
         འཛུགས་སྐྲུན་ཡག་པོ་བྱེད་པ་ལས་དོ་དམ་ཡག་པོ་བྱེད་པ་དགའ། རོགས་སྐྲུན་ཞིང་ཆེན་དང་གྲོང་ཁྱེར་གྱིས་གསོ་སྦྱོང་ལ་ཤུགས་སྣོན་དང་རྒྱང་ཁྲིད་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གེགས་ཁུལ་གྱི་ཤེས་ལྡན་པའི་དཔུང་ཁག་གི་དེང་རབས་དོ་དམ་ཆུ་ཚད་དང་ཆེད་ལས་ཀྱི་རྩལ་ནུས་མཐོ་རུ་བཏང་བས་སྔོན་ཐོན་གྱི་རྨང་གཞིའི་སྒྲིག་བཀོད་ལས་ཀྱང་ཕན་འབྲས་ཆེ་ཤོས་ཐོན་ཐུབ་པ་བྱུང་ཡོད།
        ལག་གདང་དཔུང་སྦྲེལ་གྱིས“ཐུན་མོང་ཕྱུག་འགྱུར”གྱི་ལམ་བུར་བསྐྱོད་པ།
        ཟླ་5ཚེས་10ཉིན་གྱི་སྔ་དྲོ། པེ་ཅིང་ཧྲི་ཧྥང་ཐོན་ལས་མཉམ་ལས་དང་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པའི་མཛད་སྒོ་དེ་དབུན་ཁྲོན་གྱི་ས་ཡོམ་ཚབས་ཆེན་ཕོག་ཁུལ་ཧྲི་ཧྥང་གྲོང་ཁྱེར་དུ་འཚོགས་ཤིང་། དེ་ཉིན་རྣམ་གྲངས་26གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་ཁྱོན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་100ལས་བརྒལ་ཡོད།
        “ས་ཡོམ་བརྒྱབ་རྗེས་ཀྱི་ལོ་བཅུ་ཡི་རིང་པེ་ཅིང་དང་ཧྲི་ཧྥང་གིས་ལོ་གཉིས་ཀྱི་རོགས་སྐྲུན་ནས་ལོ་གསུམ་གྱི་མཉམ་ལས་བྱས་པ་དང་ལོ་གསུམ་གྱི་མཉམ་ལས་ནས་ཡུན་རིང་གི་མཉམ་ལས་བྱེད་འགོ་ཚུགས་ཡོད། དེ་རིང་གི་ལས་འགོ་ཚུགས་པའི་མཛད་སྒོ་ནི་ཕྱོགས་གཉིས་ཀྱིས་གཉིས་ཁེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན”ཞེས་ཧྲི་ཧྥང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཅི་ཐའོ་ཡིས་བརྗོད།
        ལོ་གསུམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་མཇུག་འགྲིལ་བ་ནི་གེགས་ཁུལ་འཕེལ་རྒྱས་དང་དར་རྒྱས་འགྲོ་འགོ་ཚུགས་པ་ཞིག་ཡིན། ཁ་གཏད་རོགས་སྐྱོར་བྱས་པ་བརྒྱུད་རོགས་སྐྲུན་ཞིང་ཆེན་དང་གྲོང་ཁྱེར་དང་ས་ཡོམ་ཕོག་ཁུལ་དབར་མཛའ་མཐུན་ཟབ་མོ་དང་མཉམ་ལས་ཀྱི་ལམ་སྲོལ་བཙུགས་པ་དང་འབྲེལ་ཕན་ཚུན་ལེགས་ཆ་གསབ་རེས་བྱས་པ་བརྒྱུད་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་བུའི་ཐོག་ལག་གདང་དཔུང་སྦྲེལ་གྱིས་མདུན་སྐྱོད་བྱས་ཡོད།
         མན་ཀྲུའུ་ཡི་ཅང་སུའུ་བཟོ་ལས་གླིང་དང་། ཧྲི་ཧྥང་གི་པེ་ཅིང་ཐོན་ལས་གླིང་། སི་ཁྲོན་དང་ཀྲེ་ཅང་ཐོན་ལས་གླིང་སོགས་རོགས་སྐྲུན་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་གཉེར་སྐྱོང་གི་བྱ་ཐབས་བརྒྱུད་ནས་ཁེ་ལས་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་དུ་རྟོག་ཞིབ་དང་མ་འཇོག་བྱེད་དུ་བཅུག་པ་དང་། ཁ་གཏད་མཉམ་ལས་ཀྱི་ཁྱད་ལྡན་ཐོན་ལས་གླིང་ཁག་ཅིག་འཆར་འགོད་བྱས་ནས་བསྐྲུན་པ། ཐོན་ལས་གཞན་སྒྱུར་དང་ལེན་ཧུར་ཐག་བྱས་པ་བཅས་ལས་གེགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།