འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཁ་ན་ཏར་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་12ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་པད་མ་དབང་འདུས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ་5ཚེས་6ཉིན་ནས་9ཉིན་བར་ཁ་ན་ཏར་འཚམས་འདྲི་གནང་སྟེ་ཁ་ན་ཏའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་མཇལ་འཛོམས་སྤེལ་རེས་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་བ་དང་། ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་གྱི་དོགས་གནད་བསལ་བ་དང་ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་བཏང་བར་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།
        ཨོ་ཐེ་ཝ་རུ་སྐུ་ཚབ་ཚོགས་པས་ཁ་ན་ཏའི་གྲོས་ཚོགས་ཁང་གི་ཁ་་ཀྲུང་གྲོས་ཚོགས་མཐུན་ཚོགས་དང་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱི་འཕེལ་རྒྱས་ཨུ་ལྷན་དང་གྲོས་མོལ་གནང་བ་དང། ཏུའོ་ལོན་ཏུའོ་རུ་སྐུ་ཚབ་ཚོགས་པས་ཨན་ཏ་ལུའེ་ཞིང་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བ་ཐིང་གི་འགན་འཁུར་བ་དང་མཇལ་འཛོམས་གནང་བ་རེད།
        པད་མ་དབང་འདུས་ཀྱིས་མིག་སྔའི་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་འཕེལ་རྒྱས་གནས་ཚུལ་ཡག་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་པོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ལ་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་གཉིས་རེད། ཕྱོགས་གཉིས་པོར་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་མཐོངས་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་མཐུན་པ་དང་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། ཀྲུང་ཅའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་བརྟན་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྤེལ་རེས་ཀྱི་བྱེད་སྒོར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས་པ་རེད།
        པད་མ་དབང་འདུས་ཀྱིས་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ཚུན་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་བོད་ཀྱི་མི་དམངས་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེའི་དམིགས་ཚད་ལ་ཕྱོགས་ནས་མདུན་དུ་བསྐྱོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད། ཁ་ན་ཏ་ཕྱོགས་ཀྱི་གྲོགས་པོ་རྣམས་བོད་དུ་ཕེབས་ནས་ད་ཆའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་གཟིགས་པ་དང་བོད་མི་དམངས་ཀྱི་བསམ་བློ་གཏོང་སྟངས་དངོས་གསན་ནས་བོད་ཀྱི་གནས་ཚུལ་དངོས་ཤེས་རྟོགས་མང་ཙམ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
        ཁ་ན་ཏ་ཕྱོགས་ཀྱིས་ཁ་ན་ཏས་ཀྲུང་གོའི་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་ཁ་ཀྲུང་གྲོས་ཚོགས་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་གཞོལ་རྒྱུ་དང་ཨན་ཏ་ལུའེ་ཞིང་ཆེན་གྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཉེ་བའི་ལོ་ཤས་རིང་གི་བོད་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བག་ཆགས་ཟབ་པོ་བྱུང་། ཀྲུང་གོ་ཕྱོགས་དང་མུ་མཐུད་ལྷག་བསམ་རྣམ་དག་ངང་སྤེལ་རེས་བྱས་ཏེ་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
         འཚམས་འདྲི་གནང་རིང་། སྐུ་ཚབ་ཚོགས་པས་ད་དུང་ཨོ་ཐེ་ཝ་དང་ཏུའོ་ལོན་ཏུའོ་ཡི་ས་གནས་དེ་གའི་བོད་རིགས་སྤུན་ཟླ་དང་སྤེལ་རེས་བྱས་པ་དང་། ཁའར་ཏུན་སློབ་ཆེན་དང་ཁ་ན་ཏ་ཕྱི་འབྲེལ་སློབ་ཚོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་དང་བཞུགས་མོལ་གནང་བ་མ་ཟད། སྨྱན་སྦྱོར་གྱི་མཉམ་སྡེབ་བཅར་འདྲི་དང་ལེན་ཡང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།