འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོན་ཕུས་ཟླ་6ཚེས་12ཉིན་སིང་ཀ་ཕོར་རུ་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་མཇལ་འཛོམས་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་དང་ཟླ་6ཚེས་12ཉིན་སིང་ཀ་ཕོར་རུ་མཇལ་འཛོམས་གནང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།
          ཐེ་རོན་ཕུས་ཟླ་5ཚེས་10ཉིན་གྱི་ཞོགས་པ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ཡོད། ཁོང་གིས་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ། ཕྱོགས་གཉིས་ཀྱི་མཇལ་འཛོམས་གནང་བ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་བའི“དམིགས་བསལ་གྱི་དུས་ཚོད”ཀྱི་སྐུལ་འདེད་དུ་འགྱུར་བའི་རེ་བ་ཡང་བསྟན་ཡོད་པ་རེད།
         ཟླ་5ཚེས་9ཉིན། ཅིན་ཀྲེང་ཨེན་གྱིས་ཕོང་དབྱང་དུ་འཚམས་འདྲིར་ཕེབས་པའི་ཨ་རིའི་རྒྱལ་དོན་བློན་ཆེན་ཕང་ཕའེ་ཨའོ་དང་མཇལ་འཛོམས་གནང་བ་དང་སླེབས་ལ་ཉེ་བའི་ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་མཇལ་འཛོམས་བྱ་རྒྱུ་ནི“ལོ་རྒྱུས་རང་བཞིན་གྱི་མཇལ་འཛོམས”གཅིག་ཡིན་པར་བསྟན་ཡོད། ད་དུང་ཁྲའོ་ཞན་དུ་བཀག་ཉར་བྱས་པའི་ཨ་རི་བ་3བཙོན་གྲོལ་གཏོང་བ་དང་ཕྱིར་སྐྱེལ་བའི་དམིགས་བསལ་གྱི་བཀའ་ཕབ་ཡོད། ཚེས་10ཉིན་གྱི་ཐོ་རེངས་སུ་ཐེ་རོན་ཕུ་དང་ཙུང་ཐུང་གཞོན་པ་ཕེང་སི་ཡིས་གནམ་ཐང་དུ་ཕང་ཕའེ་ཨའོ་དང་མཉམ་དུ་ཕྱིར་ལོག་པའི་ཨ་རི་བ་3བསུས་ཡོད་པ་རེད།
         ཁྲའོ་ཞན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཕང་ཕའེ་ཨའོ་ཕེབས་དོན་ནི་ཅིན་ཀྲེན་ཨེན་ལ་ཐེ་རོན་ཕུའི་ངག་འཕྲིན་བརྒྱུད་བསྒྲགས་བྱ་བྱེད་ཡིན་པ་མ་ཟད། ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་མཇལ་འཛོམས་བྱ་རྒྱུའི་གྲ་སྒྲིག་བྱས་པའང་ཡིན། གནས་ཚུལ་སྤེལ་བར། ཅིན་ཀྲེང་ཨེན་དང་ཕང་ཕའེ་ཨའོ་ཡིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་གདེང་འཇོག་དང་ལྟ་ཚུལ་དང་། དེ་བཞིན་རྒྱལ་ཁབ་གཉིས་པོའི་རིམ་པ་མཐོ་ཤོས་ཀྱི་འགོ་ཁྲིད་ཀྱིས་ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་མཇལ་འཛོམས་ལ་ལངས་ཕྱོགས་དང་བསམ་འཆར་སྤེལ་རེས་བྱས་ཡོད། ཅིན་ཀྲེང་ཨེན་དང་ཕང་ཕའེ་ཨའོ་གྲོས་བསྡུར་བྱས་པའི་གནད་དོན་ལ“བློ་ཡིད་ཚིམས་པའི་ཐུན་མོང་ངོས་འཛིན”བྱུང་ཡོད་པ་རེད།
         ཉེ་བའི་རིང་། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཕྱེད་གླིང་གི་གནས་བབ་ལ་འགྱུར་བ་བྱུང་ཡོད། ཟླ་4ཚེས་27ཉིན། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཅིན་ཀྲེང་ཨེན་པན་མོན་ཏན་དུ་མཇལ་འཛོམས་གནང་ཡོད། ཕྱོགས་གཉིས་ཀའི་མཇལ་འཛོམས་གནང་རྗེས་《པན་མོན་ཏན་བསྒྲགས་གཏམ་》ལ་མིང་རྟགས་བཀོད་ནས། ཕྱོགས་གཉིས་པོའི་འབྲེལ་བ་ལེགས་སུ་གཏོང་བ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་དང་ཞི་བདེ་ཡུན་བརྟན་ངོས་འཛིན་གཅིག་མཐུན་བྱུང་ཡོད། མཇལ་འཛོམས་གནང་ནས་བཟུང་ཁྲའོ་ཧན་ཕྱོགས་གཉིས་ཀྱིས་དགེ་མཚན་ལྡན་པའི་མཉམ་འགུལ་དང་། མཇལ་འཛོམས་ཀྱི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་ནས། ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་ཆེད་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཡོད། འོན་ཀྱང་དེ་དང་དུས་མཚུངས་ཨ་རི་ཕྱོགས་ཀྱིས་སྔར་བཞིན་ཁྲའོ་ཞན་གྱིས་ཉིང་རྡུལ་ཚོད་ལྟ་མ་བྱེད་ན་མ་གཏོགས་ཨ་རིས་ཁྲའོ་ཞན་ལ“གནོན་ཤུགས་ཆེན་པོ”སྤྲོད་པའི་ཐབས་ཇུས་ལ་མཚམས་མི་འཇོག་པར་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།