༄༅།།ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་
ནང་ཞུགས་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བསྟན་གྱི་ཡོད་ཅེས་བརྗོད་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 05ཚེས་11ཉིན། 11:17】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཉེ་ཆར། རི་པིན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་རྣམ་འགྱུར་ཡག་པོ་བསྟན་པ་དེའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་9ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཞུགས་པར་སྔ་ཕྱི་བར་གསུམ་དུ་སྒོ་འབྱེད་ཀྱི་རྣམ་འགྱུར་བསྟན་གྱི་ཡོད། རི་པིན་ཕྱོགས་ཀྱིས་འོས་ཤིང་འཚམ་པའི་བྱེད་སྟངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞུགས་ཏེ་ཀྲུང་རིའི་དཔལ་འབྱོར་མཉམ་ལས་ཐད་བར་མཐོངས་གསར་པ་དང་འཕར་གཞི་གསར་པ་གཏོད་དགོས་ཞེས་བརྗོད།
གསར་འགོད་པས་དྲིས་དོན། རི་པིན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་རི་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་དཔོན་དམངས་གྲོས་མཐུན་ཚོགས་པ་འཛུགས་རྩིས་ཡོད་པ་དེས་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཕུང་གསུམ་པའི་མཉམ་ལས་ལ་དཔལ་འབྱོར་ཐོན་ལས་རྣམ་གྲངས་དེ་བས་མང་བར་སྐུལ་འདེད་གཏོང་རྒྱུར་སྐུལ་མ་ཐེབས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ར་སྤྲོད་བྱེད་ཐུབ་བམ། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
ཀེང་ཧྲོང་གིས“རྒྱུད་གཅིག་ལམ་གཅིག”ནི་སྒོ་འབྱེད་ཁོང་ཡངས་ཀྱི་གྲོས་མཐུན་ཞིག་ཡིན་པས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་གཙོ་བོར་བྱས་ནས་བློ་ཁ་མཐུན་པའི་རྒྱལ་ཁབ་ཚང་མ་དེར་ཞུགས་ཆོག ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཞུགས་རྒྱུར་སྔ་ཕྱི་བར་གསུམ་དུ་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་གྱི་ཡོད། ན་ནིང་རི་པིན་ཕྱོགས་ཀྱིས་ཀྱང་མཐོ་རིམ་སྐུ་ཚབ་ཚོགས་པ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ཡོད་ཅེས་བརྗོད།
ཁོང་གིས་ཉེ་ལམ་རི་པིན་གྱི་འགོ་ཁྲིད་མི་སྣས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་རྣམ་འགྱུར་ཡག་པོ་ཐེངས་མང་བསྟན་པ་མ་ཟད། རི་པིན་གྱི་ཁེ་ལས་མི་ཉུང་བ་ཞིག་གིས་ཀྱང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་འདོད་ཡོད་ཅེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ཀྱིས་འོས་ཤིང་འཚམ་པའི་བྱེད་སྟངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་ལ་ཞུགས་ན་ཀྲུང་རིའི་དཔལ་འབྱོར་མཉམ་ལས་ཐད་བར་མཐོངས་གསར་པ་དང་འཕར་གཞི་གསར་པ་གཏོད་ཐུབ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་རི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་རྒྱལ་ཁབ་ཕུང་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་ཆེར་གཏོང་བར་ཕན་པ་ཡོད་ལ་ཕྱོགས་གསུམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་ཕན་པ་ཡོད་ཅེས་བརྗོད།
ཀྲེང་ཧྲོང་གིས་མི་རིང་བའི་གོང་སྤེལ་བའི་ཀྲུང་རིའི་དཔལ་འབྱོར་གྱི་མཐོ་རིམ་གླེང་མོལ་ཐེངས་བཞི་པའི་ཐོག་ཀྲུང་རི་ཕྱོགས་གཉིས་ཀྱིས་དཔོན་དམངས་མཉམ་འབྲེལ་གྱི་སྤེལ་རེས་ལས་སྟེགས་སྐྲུན་རྒྱུ་དང་འབྲེལ་ཞིབ་ཕྲའི་མཉམ་ལས་རྣམ་གྲངས་ཞིབ་འཇུག་ཐད་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཀྲུང་རི་ཕྱོགས་གཉིས་ཀྱི་ཚོགས་པས་དེའི་ཐད་གྲོས་བསྡུར་ཞིབ་ཕྲ་བྱེད་བཞིན་ཡོད། ཙུང་ལི་ལི་ཁེ་ཆང་ད་ཐེངས་རི་པིན་དུ་འཚམས་འདྲིར་སྐྱོད་རིང་། ཕྱོགས་གཉིས་པོས་ད་དུང་《ཀྲུང་རིས་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་དོན་ཚན་སྐོར་གྱི་དྲན་ཐོར་》མིང་རྟགས་འགོད་རྒྱུ་རེད། “ང་ཚོས་རི་པིན་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་པའི་ཁྲོམ་རའི་ཐད་འབྲེལ་ཡོད་མཉམ་ལས་བྱས་ཏེ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་འདོད་ཡོད”ཅེས་བརྗོད།