མི་དམངས་དྲ་བ།

༄༅།།ཨེ་ཤེ་ཡའི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་
ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐོ་ཁེའོ་མགྲོན་བསུ་ཁང་དུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ལྷན་དུ་ཀྲུང་རི་ཧན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་བདུན་པར་ཞུགས་ནས་ཀྲུང་རི་ཧན་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དང་དེ་བཞིན་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་གཟིགས་ཚུལ་སྤེལ་རེས་གནང་བ་རེད།
     ལི་ཁེ་ཆང་གིས་ཀྲུང་རི་ཧན་བཅས་རྒྱལ་ཁ་གསུམ་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གསུམ་ཡིན་ལ་དཔལ་འབྱོར་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཡང་ཡིན་པས། ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་གཞི་གཅིག་ཅན་ལ་སྣེ་ཁྲིད་བྱེད་པ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་འགན་འཁྲི་གལ་ཆེན་ཁུར་ཡོད། མིག་སྔར་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་དུས་བབ་མདུན་དུ་ཀྲུང་རི་ཧན་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཁབ་གསུམ་པོའི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཡིན་ལ་ས་ཁུལ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཅིག་ཀྱང་ཡིན། ཕྱོགས་གསུམ་པོས་གོ་སྐབས་དམ་འཛིན་དང་ཁེ་ཕན་མཉམ་འདྲེས་རྒྱ་ཆེར་བཏང་ནས་ས་ཁུལ་རྒྱུན་མཐུད་ངང་ཞི་བདེ་དང་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
     དེ་ཡང་གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་བཏང་ནས་རྣམ་པ་བཟང་པོ་གཏོད་དགོས། རྒྱལ་ཁབ་གསུམ་པོའི་དབར་གྱི་ཐུན་མོང་ཁེ་ཕན་དེ་མི་མཐུན་པའི་ཆ་ལས་ཧ་ཅང་ཆེ་བ་ཡོད་པས་མི་མཐུན་པའི་ཆ་དེ་ཤར་ཕྱོགས་པའི་བློ་གྲོས་ལ་བརྟེན་ནས་དོ་དམ་ཚོད་འཛིན་དང་སེལ་ཆོག ང་ཚོས་ལོ་རྒྱུས་ལ་མཐོང་ཆེན་དང་འབྱུང་འགྱུར་ལ་ཕྱོགས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་རིམ་པ་དེ་བས་མཐོ་བའི་མཉམ་ལས་འཕེལ་རྒྱས་གཏོང་དགོས་པ་དང་།
     གཉིས་ནས་རང་མོས་ཚོང་དོན་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་མ་ལག་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ས་ཁོངས་དཔལ་འབྱོར་གཞི་གཅིག་གི་ཆུ་ཚད་མཐོ་རུ་བཏང་ནས་སྒོ་དབྱེ་དང་། མཉམ་འགུལ། བསྟུན་མཁས། དོ་སྙོམས་བཅས་ཀྱི་ཨེ་ཤེ་ཡའི་དཔལ་འབྱོར་མ་ལག་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་རི་ཧན་བཅས་རྒྱལ་ཁབ་གསུམ་པོའི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མོལ་འཕེལ་རིམ་མགྱོགས་སུ་བཏང་ནས“ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)”སྔ་ཙམ་འཇོག་རྒྱུར་སྐུལ་འདེད་གཏོང་དགོས། ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་ཐུན་མོང་སྒྲིག་གཞིའི་འཆར་གཞི་བཟོ་བར་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བྱས་ནས་ཚོང་དོན་རང་མོས་ཅན་སྟབས་བདེ་ཅན་དང་། ཐོན་ནུས་དང་མ་འཇོག རྨང་གཞིའི་སྒྲིག་བཀོད་དང་དྲ་སྦྲེལ། དངུལ་རྩ། རྒྱུན་མཐུད་འཕེལ་རྒྱས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་དྲུག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ།
     གསུམ་ནས“ཀྲུང་རི་ཧན+×”གྱི་བྱ་ཐབས་བཏོད་དེ་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གསུམ་གྱི་ལེགས་ཆ་གཅིག་སྡུད་བྱས་ནས“ཀྲུང་རི་ཧན+×”གྱི་བྱ་ཐབས་བརྒྱུད་ཐོན་ལས་མཉམ་ལས་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་རྣམ་གྲངས་ལག་ལེན་བསྟར་ནས་ས་ཁུལ་དེའི་རྒྱལ་ཁབ་དེ་བས་ལེགས་ལ་མྱུར་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་ཁྲིད་དང་སྐུལ་འདེད་གཏོང་དགོས་པ།
     བཞི་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་བྱས་ནས་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་ཁབ་གསུམ་པོའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ནང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ནང་དོན་སྔོག་འདོན་གང་ལེགས་བྱས་ནས་རིག་གནས་དང་། སློབ་གསོ། ཡུལ་སྐོར། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་གྱིས་འབྲེལ་གཏུག་དམ་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།