འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་ཆུ་ཁ་བྲི་བའི་དུས་ཀྱི་རྒྱ་ཁྱོན་ལོ་བཅོ་བརྒྱད་རིང་གི་ཆེ་ཤོས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། སྲུང་སྐར་གྱི་རྒྱང་ཚོར་ལྟ་དཔྱད་ཀྱི་ཚད་འཇལ་གྲངས་གཞི་གསར་ཤོས་ལས་མངོན་གསལ། “ཀྲུང་གོའི་མཚོ་མཛེས་ཤོས”ཞེས་གྲགས་པའི་མཚོ་སྔོན་པོའི་ཆུ་ཁ་བྲི་བའི་དུས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4432.69ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་7.31རྒྱ་ཆེ་རུ་ཕྱིན་པ་དེ་ལོ་18རིང་གི་དུས་མཚུངས་ཀྱི་རྒྱ་ཁྱོན་ཆེ་ཤོས་སུ་སླེབས་ཡོད།
         མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་། དེ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་བ་ཚྭའི་མཚོ་ཆེ་ཤོས་ཡིན་པ་དང་ཤར་རྒྱུད་ཀྱི་དུས་རླུང་ལྡང་ཁུལ་དང་། ནུབ་བྱང་རྒྱུད་ཀྱི་སྐམ་སའི་ཁུལ། ལྷོ་ནུབ་རྒྱུད་ཀྱི་མཐོ་གྲང་ཁུལ་བཅས་འབྲེལ་མཚམས་སུ་བབས་ཀྱི་ཡོད། མཚོ་དེ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་ཆུ་གཟུགས་གཙོ་བོ་ཞིག་རེད་ལ་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་ཕྱོགས་སུ་མ་མཆེད་པ་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཀྱང་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལིའུ་པའོ་ཁང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་ཆུ་ཁ་བྲི་བའི་དུས་ཀྱི་རྒྱ་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེར་སོང་བ་དང་2018ལོའི་ཟླ་4ཚེས་28ཉིན་སྲུང་སྐར་གྱི་རྒྱང་ཚོར་ལྟ་དཔྱད་ཚད་འཇལ་ལས་མངོན་གསལ། མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4432.69ཟིན་པ་དེ་ཉེ་བའི་ལོ་བཅུའི་རིང(2008ལོ་ནས་2017ལོ་བར)གི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་97.06རྒྱ་ཆེར་ཕྱིན་པ་དང་ཉེ་བའི་ལོ་18རིང་གི་དུས་མཚུངས་ཀྱི་རྒྱ་ཁྱོན་ཆེ་ཤོས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།
         “མཚོ་སྔོན་པོའི་ཉེ་འཁོར་གྱི་ས་ཁུལ་དུ་འདི་ལོའི་ཟླ་3པ་ནས་4པའི་བར་ཆར་ཆུ་བབས་མང་བ་དེ་མཚོ་སྔོན་པོའི་ཆུ་ཁ་བྲི་བའི་དུས་ཀྱི་རྒྱ་ཁྱོན་ན་ནིང་དང་ཉེ་བའི་ལོ་བཅུ་རིང་ལས་ཆེ་བའི་རྒྱུ་རྐྱེན་གཙོ་བོ་རེད”གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་རུ་འགྲོ་བའི་རྒྱུ་རྐྱེན་འོག་མཚོ་བོད་ས་མཐོའང་རིམ་བཞིན་དྲོ་རུ་དང་བརླན་གཤེར་ཆེ་རུ་འགྲོ་ཡི་ཡོད། བུ་ཧུ་ཆུ་དང་འོམ་ཆུ་སོགས་རྒྱུག་ཆུ་ལོ་རེ་བཞིན་ཆེ་རུ་སོང་བ་དེས་མཚོ་སྔོན་པོའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ཅེས་ལིའུ་པའོ་ཁང་གིས་བརྗོད།
         ལིའུ་པའོ་ཁང་གིས་དབྱེ་ཞིབ་བྱས་པར། མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དེས་སྔོ་ཁེབས་མང་དུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་རྒྱ་ཆེར་འགྲོ་བ་དང་། སྲོག་ཆགས་ཀྱི་བཟའ་བཅའི་ཐོན་ཁུངས་ཕུན་སུམ་ཚོགས་སུ་འགྲོ་བ། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པའི་ངོས་འཛིན་བྱས།
         གཞན་ཡང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་སྔོན་དཔག་ལ་གཞིགས་ན། འདི་ལོའི་ཟླ་5པར་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དུ་སྔར་ལོ་ལས་དྲོད་ཚད་ཅུང་མཐོ་བ་དང་ཆར་ཆུ་ཅུང་མང་བས་མཚོ་སྔོན་པོའི་རྒྱ་ཁྱོན་སྔར་བཞིན་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།