འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དབུལ་སྐྱོར་ལས་སྒོའི་སྒྲོག་འགྲེལ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་ལས་སྒོའི་རྐང་འཛིན་པ་72སྐོང་འཐེན་བྱས་ནས་དབུལ་སྐྱོར་གྱི་གྲོང་སྡོད་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་ཤིང་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕུལ་བྱུང་ཧྲུའུ་ཅི་དང་པོ་16བདམས་ཏེ་སྐོར་སྐྱོད་འཆད་ཁྲིད་ཚོགས་པ་8གྲུབ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8དང་རྫོང་(ཆུས་དང་གྲོང་ཁྱེར)39ལ་དབུལ་སྐྱོར་ལས་སྒོའི་གཅིག་སྡུད་གསོ་སྦྱོང་བྱེད་པར་བསྐྱོད་ནས་ཁྱོན་ཆེད་དོན་འཆད་ཁྲིད་43དང་མི་ཁྲི་1.97ལ་གསོ་སྦྱོང་བྱས་པས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྒྱ་ཆེའི་དབུལ་སྐྱོར་གྲོང་སྡོད་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཆད་ཁྲིད་ཚོགས་པས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་དོ་ཁུར་ཆེ་ཤོས་བྱེད་པའི་སློབ་གསོ་དང་། སྨན་བཅོས། མ་མཐའི་འཚོ་བའི་འགན་ལེན། དངུལ་བུན། ཐོན་ལས་སོགས་དམངས་ཕན་སྲིད་ཇུས་ཁག་དང་འབྲེལ་བ་དམ་ཟབ་བྱས་ནས་དུད་ཚང་དབུལ་པོ་གསལ་འབྱེད་དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ་དབུལ་པོའི་གནས་ལས་སྒྲོལ་བ། རྫོང་དབུལ་པོའི་དབུལ་ཞྭ་འབུད་པའི་དཔྱད་ཞིབ་ཚོད་སྐོར་གྱི་ལས་རིམ་དང་བྱེད་ཐབས་སོགས་ཀྱི་སྐོར་ལ་གསོ་སྦྱོང་ཞིབ་ཕྲ་བྱས་པ་རེད། དེ་དང་ཆབས་ཅིག 《མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་སློབ་གཞི་》དང་། 《ཕུལ་བྱུང་གི་ཧྲུའུ་ཅི་དང་པོའི་གྲོང་སྡོད་ལས་དོན་གྱི་མྱོང་ཚོར་ཕྱོགས་སྒྲིག་》 《ས་མཐོའི་དབུལ་སྐྱོར་གདོང་སྐྱོད་པ——མཚོ་སྔོན་གྱི་ཕུལ་བྱུང་ཧྲུའུ་ཅི་དང་པོའི་ཉམས་འགྱུར་》བཅས་རྩོམ་སྒྲིག་པར་འགྲེམས་བྱས་པ་དང་ཆབས་ཅིག བོད་རིགས་ས་ཁུལ་གྱི་གྲོང་ཚོའི་ལས་བྱེད་པའི་རྒྱའི་སྐད་ཡིག་གི་ལྟ་ཀློག་ནུས་པ་ཞན་པའི་དོན་དངོས་ལ་དམིགས་ནས་སློབ་གཞི་དེ་བོད་ཡིག་ལ་བསྒྱུར་ཏེ་བོད་རིགས་ས་ཁུལ་གྱི་ཀྲོའུ་དྲུག་ལ་བཀྲམ་པས་བོད་རིགས་ལས་བྱེད་པའི་དགོས་མཁོ་བསྐངས་བའི་ཁར། ཆེས་གཞི་རྩའི་དབུལ་སྒྲོལ་སྲིད་ཇུས་སྟབས་བདེ་ཤོས་ཀྱི་ཐབས་ཤེས་ལ་བརྟེན་ནས་འགྲེལ་བཤད་གསལ་པོ་བརྒྱབ་པ་དང་སྤྱོད་མཁོ་ཆེ་ཤོས་ཀྱི་དབུལ་སྐྱོར་རྩལ་ནུས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་བཤད་སྟབས་གཞི་རིམ་ལས་བྱེད་པས་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་དང་སྟབས་བདེ་ཞིང་སྦྱོང་སླ་བ་བྱུང་ཡོད།
         གསོ་སྦྱོང་བྱེད་རིང་། ཁྲོད་འཆད་ཁྲིད་ཚོགས་པ་ཁག་གིས་སློབ་ཚན་འཁྲིད་སྐབས་སློབ་ཁང་གི་སློབ་ཁྲིད་ཡོད་ལ་དོན་དམ་པའི་ནང་སྦྱོང་ཡང་ཡོད་པ་དང་། སྲིད་ཇུས་ཀྱི་འགྲེལ་བཤད་ཡོད་ལ་ས་གནས་ས་ཐོག་གི་ཉམས་ལེན་ཡང་བྱས་ཡོད། མཚོ་ཤར་གྲོང་ཁྱེར་གྱིས་གཞི་རིམ་ལས་བྱེད་པའི་གསོ་སྦྱོང་གི་དགོས་མཁོ་སྐོང་ཆེད། གསོ་སྦྱོང་ནང་ཞུགས་མཁན་ལྡབ་གཅིག་མང་དུ་བཏང་བ་དང་གསོ་སྦྱོང་ཀྱང་དེ་སྔའི་ཐེངས་6ནས་ཐེངས་11བར་མང་དུ་བཏང་ཡོད། མགོ་ལོག་ཀྲོའུ་ཡི་གཅིག་སྒྲིལ་དང་པད་མ་རྫོང་གིས་གསོ་སྦྱོང་དེ་རྫོང་གི“ཚོགས་འདུ་གཉིས”ཀྱི་སྐབས་དང་མི་འཁེལ་བ་བྱ་ཆེད། དགོང་མོར་སྤེལ་རྒྱུའི་བཀོད་སྒྲིག་བྱས་པས་གསོ་སྦྱོང་ནང་ཞུགས་མཁན་རྒྱ་ཆེའི་ལས་བྱེད་པའི་སྤྲོ་སེམས་འཕེལ་ནས་ཧུར་ཐག་ངང་ཞུགས་ཡོད། རྨ་ལྷོ་ཀྲོའུ་རེབ་གོང་རྫོང་གིས་གཞི་རིམ་ལས་བྱེད་པ་ཚང་མར་གསོ་སྦྱོང་ཐུབ་པ་བྱ་ཆེད། བརྙན་ལམ་གྱི་ཡན་ལག་ཚོགས་ར་12བཙུགས་པ་རེད། ཡུལ་ཤུལ་ཀྲོའུ་ཡི་འཆད་ཁྲིད་ཚོགས་པ་ཡུལ་ཤུལ་གྲོང་ཁྱེར་གྲོང་གསར་གྲོང་ཚོར་ཡོང་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཤིང་། མགོ་ལོག་གི་འཆད་ཁྲིད་ཚོགས་པ་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཤང་གི་ཀླུ་ནག་གྲོང་ཚོ་དང་རྨ་ཆུ་ཤང་གི་རྐྱང་འཕོངས་གྲོང་ཚོར་ཡོང་ནས་ས་གནས་ས་ཐོག་ཏུ་ཐེམ་ཐོ་བཟོ་བ་དང་བརྟག་དཔྱད་ཀྱི་ནང་སྦྱོང་དང་སློབ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།