འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མང་པོ་ཞིག་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་5ཚེས་5ཉིན་ནི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བའི་ལོ་རེད། ཉེ་ཆར། རྒྱལ་ཁབ་མང་པོ་ཞིག་གིས་དྲན་གསོའི་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ཏེ“ལོ་ངོ་སྟོང་གི་བསམ་བློ་མཁས་ཅན་ཨང་དང་པོ”ཁོང་ལ་རྗེས་དྲན་ཞུས་པ་མ་ཟད། མར་ཁེ་སིས་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་རྒྱ་ཁྱབ་དང་གཏིང་ཟབ་ལ་དབྱེ་ཞིབ་དང་འཚོལ་ཞིབ་ཀྱང་བྱས་པ་རེད།
          ཚེས་5ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཏོན་གྱིས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གོ་དང་། ཁུ་པ། འཇར་མན། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ནས་ཕེབས་པའི་མར་ཁེ་སི་རིང་ལུགས་ཞིབ་འཇུག་པས་དབྱིན་ཇིའི་མར་ཁེ་སི་དྲན་གསོའི་དཔེ་མཛོད་ཁང་གིས་གཙོ་གཉེར་བྱས་པའི་བྱེད་སྒོ་དེར་ཞུགས་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལུའོ་ཝུན་ཏུང་གིས་བྱེད་སྒོར་གཏམ་བཤད་གནང་བ་རེད།
         ཚོགས་འདུར་ཞུགས་པའི་ལོན་ཏོན་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་པན·ཧྥ་ཨེན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་མར་ཁེ་སིས་ལོ་བརྒྱ་ལྷག་ཙམ་གྱི་གོང་བཏོན་གནང་བའི་རིགས་པའི་གཞུང་ལུགས་ལ་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་པ་དང་། ཁོང་གིས་མ་རྩ་རིང་ལུགས་ལ་དབྱེ་ཞིབ་གནང་བ་དུས་ད་ལྟའང་ནུབ་ཕྱོགས་བས་སློབ་སྦྱོང་བྱེད་རིན་ཡོད་ཅེས་གསུངས།
         ཚེས་4ཉིན། ཨིར་ལན་མེ་ནུ་སི་སློབ་ཆེན་གྱིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཨ་རི་དང་། དབྱིན་ཇི། འཇར་མན། དབྱི་ཐ་ལི། སི་ཕན་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ས་གནས་དེ་གའི་ཞིབ་འཇུག་མི་སྣ་དང་། རྒྱལ་ཚོགས་ཀྱི་གྲོས་མི། སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཁན་སོགས་མི་200ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
         ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནའི་གྲོང་ཁུལ་བྱང་རྒྱུད་དུ་གནས་པའི་ཁར·མར་ཁེ་སི་སྒོ་ར་ཆེན་པོ་ནི་1930ལོར་བསྐྲུན་ཅིང་། མཚལ་མདོག་གི་སྡོད་ཁང་ཆེན་པོ་འདི་ནི་མར་ཁེ་སིའི་མཚན་བཏགས་པའི་ཝི་ཨེན་ནའི་ཁང་པ་འབའ་ཞིག་དེ་རེད། “མར་ཁེ་སི་ཝི་ཨེན་ནར་ཡོད”ཅེས་པའི་དམིགས་བསལ་འགྲེམས་སྟོན་ཉིན་ཤས་གོང་འདི་གར་འགོ་ཚུགས་པ་དང་། འགྲེམས་སྟོན་ལ་པར་རིས་སོགས་བརྒྱུད་1848ལོར་མར་ཁེ་སི་ཝི་ཨེན་ནར་ཕེབས་ནས་བཟོ་པའི་ལས་འགུལ་ཤེས་རྟོགས་གནང་བའི་ཐུང་ལ་རྩ་ཆེའི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད།
         ཚེས་4ཉིན། ཨུ་རུ་སུའི་གཞུང་ཁོངས་ཁེ་ལས་ཨུ་རུ་སུ་སྦྲག་སྲིད་ཀྱིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་སྦྲག་འཛིན་ཁྲི་20ལྷག་ཙམ་འགྲེམས་སྤེལ་བྱས་པ་རེད།
          ཚེས་4ཉིན། འཇར་མན་ནོར་སྲིད་པུའི་པུའུ་ཀྲང་ཤའོ་ཨར་ཚེས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་ཆེད་འཇར་མན་གྱིས་དྲན་གསོའི་སྦྲག་འཛིན་རིགས་གཅིག་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
          མན་ཁྲུ་སི་ཐེ་ནི་མར་ཁེ་སི་སྐུ་འཚོ་བཞུགས་སྐབས་ཐེངས་མང་ཕེབས་མྱོང་བའི་ས་ཆ་ཞིག་ཡིན་ཞིང་། ཁོང་རྟག་ཏུ་སྐབས་དེའི་དབྱིན་ཇིའི་བཟོ་ལས་གྲོང་རྡལ་གལ་ཆེན་འདིར་ཕེབས་ཀྱི་ཡོད། ཚེས་4ཉིན་དབྱིན་ཇིའི་མན་ཁྲུ་སི་ཐེ་ཁེ་སྐྱོང་ཁུལ་གྱི་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་འཐུས་མི་དང་། མཁས་དབང་། ཁུང་ཙི་སློབ་གླིང་གི་དགེ་རྒན་གྱི་འཐུས་མི་སོགས་མན་ཁྲུ་སི་ཐེར་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། སློབ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྒོ་འབྱེད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་ངོས་འཛིན་གཏིང་ཟབ་བྱུང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།