འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་རི་ཧན་གསུམ་གྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་སྐབས་
    བཅོ་བརྒྱད་པའི་ཐོག་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། ཀྲུང་རི་ཧན་གསུམ་གྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གི་ཚོགས་འདུ་སྐབས་བཅོ་བརྒྱད་པ་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འཚོགས་པ་དང་། ཕྱོགས་ཁག་གིས་ཀྲུང་རི་ཧན་གྱི་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་དང་ས་ཁོངས་ཀྱི་ནོར་སྲིད་དང་དངུལ་རྩའི་མཉམ་ལས་སོགས་ཀྱི་གྲོས་གཞིར་གཙོ་གནད་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ནས་སྒོ་འབྱེད་ཀྱི་ཕྱོགས་མང་ཚོང་དོན་མ་ལག་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
          ཕྱོགས་ཁག་གིས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་ཐུན་མོང་གི་གསལ་བསྒྲགས་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་འཇིགས་སྐུལ་བཟོ་སྲིད་པའི་དཔལ་འབྱོར་ཆག་པའི་ཉེན་ཁར་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། གསལ་བསྒྲགས་ནང་ཕྱོགས་ཁག་གིས་ཚོང་དོན་སྲུང་སྐྱོང་རིང་ལུགས་གོང་འཕེལ་ཕྱིན་པ་ལས་བྱུང་བའི་ཉེན་ཁར་དོ་སྣང་བྱུང་བ་དང་། རྒྱལ་ཁབ་གཙོ་བོའི་ཁེ་སྤོགས་འཕར་ཚད་སྔོན་དཔག་ལས་བརྒལ་བ་དང་ས་འབྲེལ་ཆབ་སྲིབ་ཀྱི་ཛ་དྲག་སྣང་ཚུལ་སྔར་བཞིན་གནས་ཡོད་ཅེས་འཁོད་ཡོད།
          གསལ་བསྒྲགས་ནང་རྣམ་པ་གང་རུང་གི་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་ནན་བཤད་བྱས་པ་དང་། སྒོ་འབྱེད་ཀྱི་ཚོང་དོན་དང་མ་འཇོག་མ་ལག་མངོན་འགྱུར་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བྱས་པ། ཕྱི་ཕྱོགས་ཀྱི་རྡབ་རྡེག་ལ་ཁ་གཏད་གཅོག་ནུས་ཆེ་རུ་བཏང་ནས། ཀྲུང་རི་ཧན་རྒྱལ་ཁབ་གསུམ་དབར་གྱི་སྦྲེལ་མཐུད་དང་མཐུན་སྦྱོར་སྔར་བས་ཆེ་རུ་གཏོང་རྒྱུའི་མོས་མཐུན་ཡང་བྱས་ཡོད།
          གསལ་བསྒྲགས་ནང་ཧན་གོ་དང་ཁྲའོ་ཞན་གྱིས་ཉིན་ཤས་གོང་《བན་མན་ཏན་གྱི་བསྒྲགས་གཏམ་》སྤེལ་བར་དགའ་བསུ་ཞུས་པ་མ་ཟད། ས་གནས་དེའི་ས་འབྲེལ་ཆབ་སྲིད་ཀྱི་ཛ་དྲག་དུས་བབ་སྔར་བས་ཞི་ལྷོད་དུ་གཏོང་རྒྱུར་རེ་སྒུག་ཀྱང་བྱས་པ་རེད།
         ཀྲུང་གོའི་ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཡུས་ཝུའེ་ཕིང་ཚོགས་འདུར་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་རི་ཧན་གསུམ་གྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུ་སྐབས་བཅུ་དགུ་པ་2019ལོའི་ཟླ་ལྔ་པར་ཧྥི་ཅིར་འཚོག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།