འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་འདེམས་བསྐོ་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་བླང་བྱ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་། འདེམས་བསྐོ་བསྐོ་གཞག དོ་དམ་ལྟ་སྐུལ་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ནས་ལས་བྱེད་པ་བཟང་པོ་ཁག་གཅིག་གསོ་སྐྱོང་དང་འདེམས་བསྐོ་བྱས་ཏེ་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་པ་སྐྲུན་ཆེད་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་པ་རེད།
         མཚོ་སྔོན་འདི་ཉིད་མཚོ་བོད་ས་མཐོར་གནས་ཡོད་པ་དང་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་དུ་བསྡུས་ཡོད་པས་བོད་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དཀའ་ཚེགས་དང་རྙོག་འཛིང་ཆེ་བ་ཞིག་ཡོད། མཚོ་སྔོན་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལས་བྱེད་པ་བཟང་པོའི་ཚད་གཞི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་། འདེམས་བསྐོ་བསྐོ་གཞག དོ་དམ་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཏེ་མི་རིགས་ས་ཁུལ་དུ་བྱང་ཚད་མཐོ་བའི་སྲིད་འཛིན་རྐང་འཛིན་དཔུང་ཁག་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ས་མཐོའི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་ལམ་སྲོལ་འཚོལ་ཞིབ་ཐུབ་པ་བྱུང་ཡོད། ལས་བྱེད་པ་འདེམས་བསྐོ་བསྐོ་གཞག་གི་ཞིབ་ཕྲའི་ལག་ལེན་ནང་ཆབ་སྲིད་ཀྱི་སྟོན་ཕྱོགས་མངོན་པར་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་སྟངས་འཛིན་ནན་པོ་བྱེད་པ་དང་ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་སོགས་ཀྱི་ཡིན་མིན་ཆེན་པོའི་གནད་དོན་ཁྲོད་ཀྱི་རྣམ་འགྱུར་དེ་ལས་བྱེད་པ་འདེམས་བསྐོ་བསྐོ་གཞག་གི་ཚད་གཞི་ནན་པོར་བཟུང་ནས“མགོ་གཉིས་མ”དང“རྒྱང་ཁའི་རྩྭ”བཞིན་གྱི་ལས་བྱེད་པ་རྩ་བ་ནས་འདེམས་བསྐོ་བྱས་མེད། འཇོན་ཐང་གི་སྟོན་ཕྱོགས་མངོན་པར་བྱས་ཏེ་ཕྱོགས་བཞི་མཚམས་བརྒྱད་དང་འཇོན་ཐང་ཅན་བསྐོ་གཞག་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ས་ཁུལ་དང་། མི་རིགས། ཐོབ་ཐང་བཅས་ལ་མི་བལྟོས་པར་བསམ་ཕྱོགས་ལྡན་པ་དང་། འཇོན་ཐང་ལྡན་པ། ལས་རྗེས་ལྡན་པ། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་བཅས་ཀྱི་ལས་བྱེད་པ་འདེམས་བསྐོ་བྱས་ཡོད། གཞི་རིམ་གྱི་སྟོན་ཕྱོགས་མངོན་པར་བྱས་ཏེ་གཞི་རིམ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞིང་ཆེན་དང་ཀྲོའུ་ཡི་འགོ་ཁྲིད་ལས་གནས་སྟོང་པ་ཐོན་ཚེ་སྔོན་ལ་གཞི་རིམ་ནས་འདེམས་རྒྱུ་བསམ་བློ་བཏང་སྟེ“ན་གཞོན་ལས་བྱེད་པ་གཞི་རིམ་དུ་གསོ་སྦྱོང་དང་། ཕུལ་བྱུང་ཤེས་ལྡན་མི་སྣ་གཞི་རིམ་ནས་འདེམས་པའི”འཁོར་རྒྱུག་ལམ་སྲོལ་བཟང་པོ་ཞིག་གྲུབ་ཡོད་པ་རེད།
         མཚོ་སྔོན་གྱིས་བསྐོ་གཞག་མ་བྱས་གོང་གི་རྟོག་ཞིབ་བྱེད་ཐབས་བཟོས་ཏེ་རྟོག་ཞིབ་ལས་དོན་ཚད་ལྡན་དུ་བཏང་བ་དང་རྟོག་ཞིབ་གནད་སྨིན་ཐུབ་པ་བྱས་ཤིང་། ལས་བྱེད་པའི་ཆེད་ལས་བྱང་ཚད་ལ་གཙིགས་ཆེན་བྱེད་པ་ལས། སློབ་རྒྱུས་དང་། ཆེད་ལས། ལག་རྩལ་གོ་མིང་བཅས་ཀྱི་ཐོག་ནས་ལས་བྱེད་པའི་ཆེད་ལས་བྱང་ཚད་ལ་དབྱེ་ཞིབ་མི་བྱེད་པར། གཙོ་བོ་ལས་བྱེད་པས་ལས་དོན་སྒྲུབ་རྗེས་འཚོ་བ་གང་ཞིག་སྐྱེལ་མིན་དང་། ལས་དོན་ཇི་འདྲ་སྒྲུབ་མིན། དོ་དམ་ཡག་པོ་བྱེད་མིན་བཅས་དང་དེ་བཞིན་ལས་དོན་ཁྲོད་མངོན་པའི་ཆེད་ལས་ཀྱི་འཇོན་ཐང་དང་ཆེད་ལས་ཀྱི་སྙིང་སྟོབས་ལ་བལྟས་ཡོད། དྲང་གཞག་གི་སྒོ་ནས་སྒེར་གྱི་འཇོན་ཐང་དང་ལས་ཀའི་བྱས་རྗེས་ལ་ཐད་ཀར་ཚོད་སྐོར་བྱས་ཏེ་ལས་བྱེད་པས་ཡང་དག་ཁ་ཕྱོགས་སྟངས་འཛིན་དང་། དུས་བབ་འཕེལ་ཕྱོགས་ལ་དབྱེ་ཞིབ། འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་སོགས་ཀྱི་འགོ་ཁྲིད་ཀྱི་འཇོན་ཐང་ལ་བལྟས་ནས་ལས་བྱེད་པའི་ཆེད་ལས་ཅན་གྱི་ཆུ་ཚད་ལ་ཕྱོགས་བསྡུས་གདེང་འཇོག་བྱས་ཡོད། ཚན་ཁག་ཧྲིལ་པོའི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཆེད་ལས་བྱང་ཚད་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་མིན་དང་ཚན་པ་དང་སྡེ་ཚན་གྱི་ལྟེ་བའི་ལས་སྒོ་ཚང་མ་སྒྲུབ་ཐུབ་མིན་ལ་བལྟས་ཡོད།
         དེ་དང་ཆབས་ཅིག་མཚོ་སྔོན་གྱིས་ཚན་ཁག་ཁོངས་མིའི་འགོ་ཁྲིད་ཀྱི་ཉམས་མྱོང་དང་། འཇོན་ཐང་ཁྱད་ཆོས། གཤིས་རྒྱུད་བཅས་ཀྱི་ལེགས་ཆ་གསབ་རྒྱུར་གཙིགས་ཆེན་བྱས་ཏེ་གདམ་བྱའི་འོས་མིའི་ཀུན་སྤྱོད་ཤེས་བྱའི་རྣམ་འགྱུར་ལ་མཐོང་ཆེན་བྱས་པ་མ་ཟད། ད་དུང་ཚན་ཁག་ཁོངས་མི་ལུགས་མཐུན་སྡེབ་སྒྲིག་བྱ་རྒྱུར་ཡང་དོ་སྣང་བྱས་ཡོད། ཕྱོགས་གཅིག་ནས་མཚོ་སྔོན་གྱི“ཁུལ་གསུམ་འཐབ་ཇུས”(རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་འགྲོ་ཁུལ་དང་། རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྔོན་འགྲོ་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་བཅས་སྐྲུན་རྒྱུ)ཀྱི་དགོས་མཁོ་དང་བསྟུན་ནས་དམིགས་ས་ཡོད་པའི་སྒོ་ནས་ཆེད་ལས་ཅན་དང་ཕྱོགས་བསྡུས་ཅན་གྱི་འགོ་ཁྲིད་ལས་བྱེད་པ་ཁ་གསབ་བྱས་པ་དང་ལྷག་པར་དུ་བཟོ་ལས་དཔལ་འབྱོར་དང་། ཐོན་ཁུངས་གསར་སྤེལ། ནོར་སྲིད་དངུལ་རྩ། རྣམ་གྲངས་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་རྒྱུས་མངའ་ཆེ་བའི་ལས་བྱེད་པ་བསྐོ་གཞག་བྱ་རྒྱུར་དོ་སྣང་བྱས་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སྤྱི་བདེ། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། བསྡོམས་རྩིས་རྩིས་བཤེར་སོགས་ཀྱི་ལས་སྒོ་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་ཏུ་ཆེད་ལས་ཅན་གྱི་ལས་བྱེད་པ་བཀོད་སྒྲིག་བྱས་པའི་བསྡུར་ཚད་50%ཡན་ཟིན་པ་དང་ཚན་ཁག་ལ་ལར་80%ཟིན་ཡོད། ཕྱོགས་གཞན་ཞིག་ནས་མཚོ་སྔོན་དུ་མི་རིགས་མང་བ་དང་ཆོས་ལུགས་མང་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ས་གནས་ཁག་གི་མང་ཚོགས་ཀྱི་ལས་དོན་དང་། མི་རིགས་ཆོས་ལུགས་ལས་དོན། སྤྱི་ཚོགས་དོ་དམ། ཐོལ་བྱུང་དོན་རྐྱེན་ཐག་གཅོད། བརྟན་ལྷིང་སྲུང་སྐྱོང་ལས་དོན་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་དགོས་མཁོ་དང་བསྟུན་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་དོན་ཉམས་མྱོང་ཕུན་སུམ་ཚོགས་པ་དང་གཞི་རིམ་གྱི་གནས་ཚུལ་རྒྱུས་མངའ་ཡོད་མཁན་དང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ཐུབ་མཁན། རྙོག་འཛིང་ཆེ་བའི་འགལ་ཟླ་སེལ་ཐུབ་མཁན་བཅས་ཀྱི་ལས་བྱེད་པ་བསྐོ་གཞག་བྱ་རྒྱུར་མཐོང་ཆེན་བྱས་ཡོད། གྲོང་ཁྱེར་དང་ཀྲོའུ་ཏང་སྲིད་འགོ་ཁྲིད་ཚན་ཁག་ཁྲོད་གཞི་རིམ་གྱི་འགོ་ཁྲིད་ཉམས་མྱོང་ཡོད་པའི་ལས་བྱེད་པས་བསྡུར་ཚད་ངེས་ཅན་བཟུང་ཡོད་པ་དང་རྫོང་རིམ་པའི་ཏང་སྲིད་འགོ་ཁྲིད་ཚན་ཁག་ཁྲོད་གཞི་རིམ་དུ་འགོ་ཁྲིད་ཀྱི་ལས་དོན་བསྒྲུབས་ནས་ལོ་3ཡན་སོང་བའི་ལས་བྱེད་པས་ཕྱེད་ཀ་བཟུང་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་། ཡུལ་ཤུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས། ཁུ་ཁུ་ཤིས་རི་བརྟན་སྲུང་གི་སྙིང་སྟོབས་སོགས་ཏང་གཤིས་སློབ་གསོའི་སློབ་ཚན་སྤུས་རྟགས་ལྔ་འཚོགས་པ་དང་འབྲེལ་ཕྱིར་སྒྲོག་འགྲེལ་བྱེད་སྒོ་ཐེངས་200ཙམ་སྒྲིག་འཛུགས་བྱས་པར་ལྟད་མོ་བ་ཁྲི་5ཙམ་ཟིན་ནས་མཚོ་སྔོན་གྱི་སྙིང་སྟོབས་དངོས་ཚན་ཅན་དང་ཞིབ་ཚགས་ཅན་དུ་འགྱུར་རྒྱུར་སྐུལ་མ་ཐེབས་ཡོད། 《ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁྲི་ཡི་ཆེད་ལས་འཇོན་ཐང་མཐོར་གཏོང་འདུ་འགོད་ལས་དོན་ཇུས་གཞི་》བཟོས་ནས་ལོ་ལྟར་ཀྲུང་དབྱང་གི་དོ་དམ་དང་ཞིང་ཆེན་གྱི་དོ་དམ་ལས་བྱེད་པ་130ཙམ་འདེམས་གཏོང་བྱས་ནས་ཀྲུང་དབྱང་གི“སློབ་གྲྭ་གཅིག་དང་སློབ་གླིང་ལྔ”ཡི་ཆེད་དོན་གསོ་སྦྱོང་ནང་ཞུགས་པ་དང་ལོ་ལྟར་ཡུལ་སྐོར་དང་། དངུལ་རྩ། ཆ་འཕྲིན། ཞིང་འབྲོག ནུས་རྒྱུ་གསར་པ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་རབ་དང་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་30ཙམ་གཉེར་བ་དང་ཞིང་ཆེན་གྱི་དོ་དམ་ལས་བྱེད་པ་2000ཙམ་གསོ་སྦྱོང་བྱས་ཡོད། མཚོ་སྔོན་གྱི་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་བཙུགས་ཏེ་ཐོ་བཀོད་སློབ་མ་ཁྲི་17.6ཙམ་ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་བྱེད་པ་དང་། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་པ། ཁེ་ལས་གཉེར་སྐྱོང་དོ་དམ་མི་སྣ་བཅས་གང་སར་ཁྱབ་པ་དང་ཆ་སྙོམས་ཉིན་རེར་དྲ་ཐོག་ནས་སློབ་སྦྱོང་བྱེད་མཁན་ཁྲི་4ཙམ་ཟིན་ཡོད། རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པ་བརྒྱུད་ལས་བྱེད་པའི་ཆེད་ལས་ཤེས་བྱ་དང་། ཆེད་ལས་སྤྱོད་ཚུལ། ཆེད་ལས་བྱང་ཚད་བཅས་མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།