འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་ཀྲོའུ་ཁྲི་འདུ་རྫོང་དུ་ས་ཡོམ་རིམ་པ་5.3བརྒྱབ་པ།

    མི་སྣ་འཆི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་5ཚེས་6ཉིན་གྱི་ཆུ་ཚོད་17དང་སྐར་མ་23གྱི་ཐོག་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་དུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་། ས་ཡོམ་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་9ཡིན་པ་དང་། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ་34.56དང་ཤར་གྱི་གཞུང་ཐིག་ཏུའུ་96.53དུ་ཡིན་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ཡོམ་ལྟེ་ཡུལ་ཤུལ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་170ཡོད་ཅིང་ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡོམ་ལྟེ་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4668ཙམ་ཟིན་པ་དང་། ས་ཡོམ་རྒྱག་ཡུལ་གྱི་ཉེ་འཁོར་སྤྱི་ལེ་10ཡི་ནང་གྲོང་ཚོ་ཡོད་པ་དང་སྤྱི་ལེ་50ཡི་ནང་ཤང་གྲོང་མེད་པ་རེད།
         གསར་འགོད་པས་མཚོ་སྔོན་ཡུལ་ཤུལ་གྲོང་གསེབ་ཚོང་ལས་དངུལ་ཁང་ཁྲི་འདུ་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཆུང་མཚོ་དང་འབྲེལ་གཏུག་བྱས་པར་གཞིགས་ན། སྐབས་དེ་དུས་ཁོང་ལས་ཁུངས་སུ་ལས་དུས་འཕར་མ་བྱེད་བཞིན་ཡོད་པ་དང་གཡོ་འགུལ་ཕྲན་བུ་ཐེབས་པའི་ཚོར་སྣང་བྱུང་མ་ཐག་ལམ་སེང་ཐོག་ཁ་ནས་མར་བབས། ཁོ་མོས་མིག་སྔར་ཁྲོམ་གཞུང་ཐོག་ཚང་མ་རྒྱུན་གཏན་་ཡིན་པ་དང་། ཁང་པ་གཏོར་སྐྱོན་ཤོར་བ་དང་མི་སྣ་འཆི་རྨས་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་མི་འདུག་ཅེས་བརྗོད། ཁྲི་འདུ་རྫོང་གྲོང་དུ་སྡོད་པའི་མང་ཚོགས་ཀྱིས་ཁང་པར་གཡོ་འགུལ་ཐེབས་པའི་ཚོར་སྣང་བྱུང་མོད། འོན་ཀྱང་དངོས་རྫས་ཟགས་མེད་ལ་གནས་སྐབས་ཁང་པ་གཏོར་སྐྱོན་ཐེབས་པ་ཤེས་རྟོགས་མ་ཐུབ་ཅེས་བཤད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཝང་ཁྲེན་གྱིས་ཡུལ་ཤུལ་གྲོང་ཁྱེར་དུ་ཡོམ་ཚོར་ཕྲན་བུ་བྱུང་བ་དང་ཁྲི་འདུ་རྫོང་དུ་ཡོམ་ཚོར་མངོན་གསལ་དོད་པ་འདུག་ཅེས་བརྗོད་པ་རེད།
         མིག་སྔར་མཚོ་སྔོན་ཞིང་ཆེན་དང་། ཡུལ་ཤུལ་ཀྲོའུ། ཁྲི་འདུ་རྫོང་བཅས་ཀྱི་ས་ཡོམ་ཅུས་ཀྱི་ལས་དོན་མི་སྣ་ཡོམ་ཁུལ་དུ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱེད་བཞིན་ཡོད་པ་དང་། གནས་སྐབས་མི་སྣ་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད་ལ་གནས་ཚུལ་གཞན་དག་སྔར་བས་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།