འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་གྱི་ལས་དོན་ལོ་
    མཇུག་ཏུ་སྤྱིར་ན་ལེགས་གྲུབ་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་གི་ལོ་མཇུག་བར་གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་11.59ཟིན་པ། མིག་སྔར། གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་བྱས་ནས་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀ་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད། ཀྲུང་དབྱང་གི་བླང་བྱ་ལྟར་ན། ཞིང་ལས་གྲོང་གསེབ་པུའུ་ཡིས་ས་ཆ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་བྱེད་ཐབས་སུ་བྱེད་པ་དང་གྲུབ་འབྲས་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་ནས། ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་བྱས་ཏེ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྤྱིར་ན་ལེགས་སྒྲུབ་ཐུབ་པ་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་ས་ཆའི“ས་བཀྲ”ཞིག་ཆགས་པ་བྱ་རྒྱུ་རེད།
        2014ལོར་ཞིང་ཆེན་ཡོངས་སུ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་བཀོད་སྒྲིག་བྱས་ཚུན། འབད་འཐབ་ཧུར་ཐག་བྱས་པས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཁས་ལེན་ཡོངས་སུ་ཐོབ་ཡོད། 2017ལོའི་ཟླ་12པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཚང་མར་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་གྱི་ལས་དོན་སྤེལ་འགོ་བཙུགས་ཤིང་། ཁྱོན་རྫོང་རིམ་པའི་ཚན་པ་2747དང་། ཤང་གྲོང་ཁྲི་3.3 སྲིད་འཛིན་གྲོང་ཚོ་ཁྲི་54བཅས་དང་འབྲེལ་བ་ཡོད་པ་དང་། འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་11.59ཟིན་པ་དེས་རེས་སྐོར་གཉིས་པའི་ཁྱིམ་ཚང་གི་འགན་གཙང་ས་ཆའི(རྩིས་ཁྲར་འཁོད་པ)རྒྱ་ཁྱོན་གྱི་80%ཡན་བཟུང་ཡོད།
         འདི་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་གྲོང་གསེབ་ཀྱི་འགན་གཙང་ས་ཆའི་བདག་དབང་གཏན་འཁེལ་བྱས་ནས་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྤྱིར་ན་ལེགས་གྲུབ་ཐུབ་རྒྱུའི་འགན་ལེན་བྱེད་པར། ལྷུ་ཚིགས་གལ་ཆེན་ཐད་སེམས་ནུས་གཅིག་འགྲིལ་དང་ཤུགས་སྣོན་ཆད་མེད་རྒྱག་དགོས། ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། གཅིག་ནས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལས་དོན་ལེགས་གྲུབ་མ་བྱུང་བའི་ཞིང་ཆེན་གྱིས་ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་དགོས་པ་དང་ལེགས་གྲུབ་བྱུང་བའི་ཞིང་ཆེན་གྱིས་ཐག་གཅོད་བྱེད་རྒྱུར་ལུས་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། གཉིས་ནས་གྲངས་གཞི་སྙན་སེང་དང་གོང་ཞུའི་ལས་དོན་གང་མགྱོགས་ཡག་པོ་སྒྲུབ་དགོས་ཤིང་། རྒྱལ་ཁབ་རིམ་པའི་བདག་དབང་གཏན་འཁེལ་གྱི་ཐོ་འགོད་གྲངས་གཞིའི་མཛོད་དང་གྲོང་གསེབ་ཀྱི་འགན་གཙང་ས་ཆ་གཉེར་སྐྱོང་དབང་ཆའི་ཆ་འཕྲིན་གྱི་བཀོལ་སྤྱོད་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་འགན་གཙང་ས་ཆ་དོ་དམ་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནས་བདག་དབང་གཏན་འཁེལ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱ་རྒྱུར་འཚོལ་ཞིབ་བྱེད་དགོས་ཤིང་། ས་ཆའི་གཉེར་སྐྱོང་བདག་དབང་གཏའ་འཇོག་བུན་གཡར་དང་། འགན་གཙང་ས་ཆ་རིན་ཡོད་ཕྱིར་འཐེན། ས་ཆ་བརྗེ་རེས་དང་ཟླ་སྒྲིལ་གཏོང་བ་སོགས་ལ་འདེགས་སྐྱོར་བྱས་ཏེ་དབང་ཆ་གཏན་འཁེལ་གྱི་ཁེ་ཕན་གང་ལེགས་མངོན་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།