འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྡོང་ཕྲུག་ཆུང་ཡང་མཛེས་ལྗོངས་ངོ་མཚར་ཆེ།

    —— མཚོ་སྔོན་ཡུལ་ཤུལ་གྱི་ས་མཐོའི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞིའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་གུང་གི་ཡུལ་ཤུལ་གྲོང་གསར་དུ་དྲོད་འཇམ་ཉི་འོད་རབ་ཏུ་འཕྲོས་ཤིང་། བྱ་ཆུའི་ངོགས་གཉིས་དང་ཁྲོམ་གཞུང་གཡས་གཡོན་དུ་བཙུགས་པའི་མཛེས་ལྗོངས་ལྗོན་ཤིང་ལའང་དཔྱིད་གསར་དང་བསྡོངས་ནས་མཆེ་བ་འབུས།
         “འདི་ནི་ལོ་འདིའི་ཟླ་གསུམ་པར་བཙུགས་མ་ཐག་པའི་ཡོ་འབོག་སོགས་རེད། སྔོན་ཆད་བྱ་ཆུའི་ངོགས་གཉིས་སུ་ལྗོན་ཤིང་རྐང་གཅིག་ཀྱང་མེད”ཡུལ་ཤུལ་གྱི་ས་མཐོའི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞིས་ལོ་གཉིས་རིང་འདེབས་འཛུགས་ཚོད་ལྟ་བྱས་པ་བརྒྱུད། ཡོ་འབོག་སོགས་ལྗོན་ཤིང་རིགས་ཡུལ་ཤུལ་གྱི་ས་བབ་མཐོ་བའི་རང་བྱུང་ཁོར་ཡུག་དང་འཚམ་ཞིང་སྐྱེས་ཚད་ཀྱང་ཅུང་ལེགས་པ་ཤེས་རྟོགས་བྱུང་བ་དང་། མིག་སྔར་གྲོང་ཁུལ་དུ་བཙུགས་ནས་གྲོང་ཁྱེར་གྱི་མཛེས་ལྗོངས་ལེགས་སུ་བཏང་ཡོད་ཅེས་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནགས་ལས་ཅུས་ཀྱི་ཅུས་ཀྲང་དབང་རྒྱལ་རྡོ་རྗེས་བཤད།
        ཡུལ་ཤུལ་ཀྲོའུ་བདེ་འགྲོ་ཐང་དུ་ཡོད་པའི་ཡུལ་ཤུལ་གྱི་ས་མཐོའི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞིར་བསྐྱོད་ཚེ་བོད་ལྕང་དང་ཐང་ཤིང་སྤྲིན་རིས་མ་སོགས་ལྗོན་ཤིང་སྣ་ཚོགས་མཐོང་ཐུབ།
         “ཐང་ཤིང་སྤྲིན་རིས་མ་ལོ་རེར་ལི་སྨི་30ནས་50བར་སྐྱེས་ནས་སྐྱེ་ཚད་མཚོ་སྔོན་མཚོ་ཤར་ས་ཁུལ་དང་ཕལ་ཆེར་མཉམ་ཡོད” ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ཟིན་པའི་ཡུལ་ཤུལ་དུ། སྔོན་ཆད་ལྗོན་ཤིང་འཛུགས་པ་ནི་ཕྲུ་གུ་གསོ་སྐྱོང་བྱེད་པ་ལྟར་ཧ་ཅང་དཀའ་མོད། ད་ཆ་ལྗོན་ཤིང་ཡག་པོར་སྐྱེས་པ་འདི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞིའི་ཆེད་ལས་འདེབས་གསོ་དང་གསོ་སྤེལ་བྱས་པའི་དྲིན་ཡིན་ཞེས་ཡུལ་ཤུལ་ཀྲོའུ་ནགས་ལས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ཧྥུའུ་ཧྲོའུ་ཝུའུ་ཡིས་མཚོ་སྔོན་གྱི་ཐང་ཤིང་སྤྲིན་རིས་མར་མཛུབ་མོ་བཙུགས་ནས་བཤད་པ་རེད།
         ལོ་38ལ་སླེབས་པའི་མྱུག་གསོ་པ་གྲགས་པ་རྒྱལ་མཚན་གྱིས་སྡོང་བཅོས་བྱས་ནས་མྱུག་གསོའི་དུས་འགོའི་ལས་དོན་སྒྲུབ་ཀྱི་འདུག ས་མཐོའི་ཚ་གདུག་གིས་ཁོང་གི་མཆུ་ཏོ་སྨུག་པོར་གྱུར་ཅིང་ཐོད་པ་དང་སྣ་ནས་རྔུལ་ཆུ་ཐོན་གྱི་འདུག “ངས་ནགས་ལས་ལས་ཀ་བྱས་ནས་ལོ་12ཕྱིན་སོང་། རྟག་པར་ནགས་སར་ལས་ཀ་བྱེད་པ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། ཡིན་ན་ཡང་སྡོང་པོ་འཛུགས་པ་ནི་མི་རབས་རྗེས་མར་ཕན་པའི་བྱ་བ་ཞིག་ཡིན་པར་བསམ་ན་དཀའ་ཚེགས་ཆེ་ཡང་བདེ་སྐྱིད་ལྡན་པ་ཞིག་རེད”ཅེས་ཁོང་གིས་བཤད།
         ཡུལ་ཤུལ་གྱི་ས་མཐོའི་མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ནི་ཡུལ་ཤུལ་ཀྲོའུ་བདེ་འགྲོ་ཐང་དུ་ཡོད་ལ། དེ་ནི་གེགས་རྗེས་བསྐྱར་སྐྲུན་སྐབས་འཆར་འགོད་བྱས་པའི་ཐོན་ལས་ཁུལ་ཞིག་རེད། “སྣོད་བཅུད་སྔོན་ལ་འཕེལ་རྒྱས་བཏང་ནས་སྔོ་ལྗང་ས་མཐོར་སྲུང་སྐྱོང”བྱེད་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ཐོན་ལས་ཁུལ་འཆར་འགོད་ས་ཆ་དེ་ནགས་ལས་རྟེན་གཞི་འཛུགས་སྐྲུན་བྱ་ཡུལ་དུ་འཆར་འགོད་བྱས་པ་དང་། མྱུག་གསོ་ཚོད་ལྟའི་རྟེན་གཞི་དེའི་གཅིག་སྡུད་ཡུག་འབྲེལ་རྒྱ་ཁྱོན་མུའུ་1200ཟིན་ནས་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་ཤོས་དང་གཅིག་སྡུད་ཡུག་འབྲེལ་རྒྱ་ཁྱོན་ཆེ་ཤོས་ཀྱི་མྱུག་གསོ་རྟེན་གཞིར་གྱུར་ཡོད་པ་རེད། 2016ལོའི་ཟླ་གསུམ་པ་ནས་མྱུག་གསོ་བྱས་ཚུན་དུ། ལྗོན་ཤིང་སྣ་ཁ་16གི་སྡོང་ཕྲུག་རྐང་ཁྲི་70ལྷག་བཙུགས་ཡོད་པ་རེད།
         “སྔོན་ཆད། ཡུལ་ཤུལ་དུ་སྡོང་པོ་སྐྱེས་ཚད་50%ལས་ཟིན་གྱི་མེད་པས་ལོ་ལྟར་སྡོང་ཕྲུག་ག་ཚོད་བཙུགས་ཀྱང་མང་ཆེ་བ་གསོན་མ་ཐུབ་སྟབས། བྱ་ཆུ་དང་འབྲི་ཆུའི་ངོགས་སུ་མ་གཏོགས་ལྗོན་ཤིང་མཐོང་དཀའ” སྔོན་ཆད་ཐག་རིང་པོ་བརྒྱུད་དེ་སྡོང་ཕྲུག་མང་པོ་ས་བབ་མཐོ་བའི་ཡུལ་ཤུལ་དུ་དབོར་ཡོང་དགོས་ཀྱི་ཡོད་པས་མ་དངུལ་གཏོང་མང་བ་དང་མ་གནས་མཐོ་བ་མ་ཟད་ད་དུང་སྡོང་ཕྲུག་སྐྱེ་ཚད་ཀྱང་ཧ་ཅང་ཉུང་ཞེས་དབང་རྒྱལ་རྡོ་རྗེས་བཤད།
         མུའུ་སྟོང་གི་ཤིང་སོན་གསོ་སྤེལ་ཚོད་ལྟའི་རྟེན་གཞི་བསྐྲུན་རྗེས་ཕྱོགས་གཅིག་ནས་བོད་ལྕང་སོགས་རང་ཡུལ་གྱི་སྡོང་པོ་འདེབས་གསོ་ཤུགས་ཆེན་བྱེད་པ་དང་སྦྲགས་ཇི་ལྟར་བྱས་ནས་རང་ཡུལ་གྱི་སྡོང་ཕྲུག་སྐྱེས་ཚུལ་ཇེ་ལེགས་སུ་གཏོང་བའི་ཐད་ཞིབ་འཇུག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སི་ཁྲོན་ནུབ་རྒྱུད་ཀྱི་ཐང་ཤིང་སྤྲིན་རིས་མ་སོགས་ནང་འདྲེན་ཧུར་ཐག་བྱེད་པ་དང་སྦྲགས། ཡུལ་ཤུལ་དང་འཚམ་པའི་སྡོང་ཕྲུག་ཚོད་ལྟ་བྱས་ནས་འདེབས་གསོ་བྱས་པས་ཡུལ་ཤུལ་གྱི་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་སྟེ། ཡུལ་ཤུལ་ཀྲོའུ་ཡི་ས་མཐོའི་ནགས་བཟོ་སྔོ་འགྱུར་ལ་འཚམ་པའི་སྡོང་ཕྲུག་སྤུས་ལེགས་མཁོ་འདོན་བྱས་པས། སྡོང་ཕྲུག་གི་མ་གནས་དམའ་རུ་དང་སྐྱེ་ཚད་མཐོ་རུ་ཕྱིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཡུལ་ཤུལ་དུ་ལྗོན་ཤིང་སྐྱེ་ཚད་90%ཡན་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།