འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མདོ་ལ་རི་བོ་སྲུང་མཁན་ཆར་འབེབས་མཁས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རི་རྩེའི་སྤྲིན་གྱི་བང་རིམ་ཇེ་མཐུག་ཏུ་སོང་ནས་ལག་པ་བརྐྱངས་ཙམ་གྱིས་འཛིན་ཐུབ་པ་ལྟར་དུ་སྣང་། གནམ་གཤིས་ཀྱི་ཆ་རྐྱེན་མི་ཐབས་ལ་བརྟེན་ནས་ཆར་པ་འབེབ་རྒྱུར་ཤིན་ཏུ་འཚམ་ཞིང་། ཝུའུ་ཝུའེ་གནམ་གཤིས་ཅུས་ཀྱི་ཁ་པར་གྱི་བརྡ་ཐོ་འབྱོར་རྗེས་དབྱང་ལིས་ཁང་པའི་ནང་གི་མེ་ཤུགས་འཕུར་མདའི་འཕེན་སྒྱོགས་མར་བཏོན་ཞིང་། མདེའུ་བླུགས་ཏེ་མཁའ་ལ་འཕངས་ནས་ཚེས་22ཉིན་གྱི་ས་སྲོས་ལ་མི་ཐབས་ཆར་འབེབས་ལས་དོན་ལེགས་སྒྲུབ་བྱས་པ་རེད།
         “མེ་ཤུགས་འཕུར་མདེལ་ཁྱོན་4འཕངས་པ་ཡིན། མི་ཐབས་ལ་བརྟེན་པ་བརྒྱུད་དེ་རིང་གི་ཆར་པ་འབྲིང་ཙམ་་འབབ་རེ་ཡོད་པས་དཔྱིད་འདེབས་ལ་ཕན་པ་ཡོད”ཅེས་དབྱང་ལིས་གསར་འགོད་པར་བཤད་བྱུང་།
         དབྱང་ལི་ནི་ཀན་སུའུ་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་གདན་ཞུ་བྱས་པའི་མི་ཐབས་གནམ་གཤིས་འགྱུར་ལྡོག་ས་ཚིགས་ཀྱི་འགན་འཁུར་བ་རེད། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་འདན་མ་ཤང་བྲག་དཀར་གྲོང་ཚོའི་གྲོང་མི་ཞིག་ཡིན་པའི་དབྱང་ལིས་བྲག་དཀར་གྱི་མི་ཐབས་གནམ་གཤིས་འགྱུར་ལྡོག་ས་ཚིགས་ཀྱི་འགན་འཁུར་ནས་ལོ་8སོང་བ་དང་། མི་ཐབས་ལ་བརྟེན་ནས་ཆར་པ་དང་གངས་འབེབ་རྒྱུར་ཤིན་ཏུ་འཚམ་པའི་དུས་འཆར་རིམ་བཞིན་དབྱང་ལིས་ཁྱིམ་གྱི་སྒོ་འགྲམ་གྱི་ས་སྟོང་ནས་སྤྲིན་ཚོམ་ལ་ཕྱོགས་ནས་མེ་ཤུགས་འཕུར་མདེལ་འཕེན་གྱི་ཡོད།
         དབྱང་ལི་ནི་མདོ་ལ་རི་བོ་སྲུང་མཁན“ཆར་འབེབས་མཁས་པ”མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། མདོ་ལ་རི་བོའི་ཤར་སྣེ་ཁོ་ནར་མི་ཐབས་གནམ་གཤིས་འགྱུར་ལྡོག་ས་ཚིགས་63བཙུགས་ཡོད་པ་དང་། དབྱང་ལི་དང་འདྲ་བའི“ཆར་འབེབས་མཁས་པ”63ཡོད་པ་རེད།
         མདོ་ལ་རི་བོ་ནི་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་ཁུལ་གལ་ཆེན་ཞིག རྨ་ནུབ་བར་ཁྱམས་ཀྱི་སྐམ་སའི་དབུས་ཁུལ་གྱི་གཙང་པོ་56གི་ཆུ་འགོ་བཅས་རེད། གངས་འཁྱགས་བཞུར་བ་ལས་བྱུང་བའི་ཆུ་རྒྱུག་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་72.6ཟིན་གྱི་ཡོད། ཀན་སུའུ་ཞིང་ཆེན་གནམ་གཤིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཉེ་བའི་ལོའི་རིང་མདོ་ལ་རི་བོའི་ས་ཁུལ་འགའ་ཞིག་གི་གངས་གསོག་ཚད་ལོ་རེར་ཆ་སྙོམས་སྨི་2ནས་སྨི་6.5བར་གྱི་མྱུར་ཚད་ཐོག་ནས་མཐོ་རུ་འགྲོ་བ་དང་ས་ཁུལ་འགའ་ཞིག་གི་གངས་གསོག་ཚད་ལོ་རེར་ཆ་སྙོམས་སྨི་12.5ནས་སྨི་22.5བར་གྱི་མྱུར་ཚད་ཐོག་ནས་བཞུར་གྱི་ཡོད་པ་རེད།
         མདོ་ལ་རི་བོའི་གངས་གསོག་ཚད་མཐོ་རུ་སོང་མོད། འོན་ཀྱང་མདོ་ལ་རི་བོར་སྣ་མང་ཕུན་སུམ་ཚོགས་པའི་ས་དབྱིབས་སྤྲིན་པ་ཡོད་ལ། ཆུ་རླངས་དང་། གནམ་གཤིས། ས་དབྱིབས། དེ་བཞིན་དངོས་ཁམས་ཕྲན་བུའི་ཆ་རྐྱེན་བཅས་ལྡན་པ་དག་ནི་ཕན་པ་ཆེན་པོ་ཡོད་པས། རང་རྒྱལ་གྱི་མི་ཐབས་ལ་བརྟེན་ནས་ཆར་པ་དང་གངས་འབེབས་ཡུལ་འཚམ་ཤོས་ཀྱི་གྲས་ཤིག་ཡིན་ལ། མཁའ་དབྱིངས་ཀྱི་ཆུ་རླངས་ཐོན་ཁུངས་གསར་འབྱེད་ཀྱི་གཏིང་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད།
         ཀན་སུའུ་ཞིང་ཆེན་མི་ཐབས་གནམ་གཤིས་འགྱུར་ལྡོག་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དབྱིན་ཤན་ཀྲེས་མིག་སྔར་མདོ་ལ་རི་ཁུལ་གྱི་མཁའ་དབྱིངས་ཆུ་རླངས་ཐོན་ཁུངས་ཆར་ཆུར་འགྱུར་ཚད་ད་དུང་15%ཡང་ཟིན་གྱི་མེད། མདོ་ལ་རི་བོའི་ཆུ་རླངས་ཐོན་ཁུངས་གང་ལེགས་སྤྱོད་ཆེད། ཀན་སུའུ་ཡིས་མདོ་ལ་རི་ཁུལ་དུ་མི་ཐབས་གནམ་གཤིས་འགྱུར་ལྡོག་ལས་དོན་སྤེལ་བ་དང་མི་ཐབས་གནམ་གཤིས་འགྱུར་ལྡོག་ས་ཚིགས་བཙུགས་ཡོད། དབྱང་ལི་ནི་དེའི་ཁྲོད་ཀྱི་ས་ཚིགས་ཤིག་གི་འགན་འཁུར་བ་རེད།
        “ལོ་འདི་དག་ནང་མདོ་ལ་རི་བོར་ཆར་ཆུ་བབས་ཚད་དངོས་འབྲེལ་མང་དུ་སོང་འདུག སྤྲིན་གྱི་བང་རིམ་ཡོད་ཚེ་ཤིས་ཡིང་ཆུ་མཛོད་ཀྱི་འཁྲིས་ནས་མེ་ཤུགས་འཕུར་མདེལ་འཕེན་པའི་སྒྲ་ཐོས་ཀྱི་འདུག”ཅེས་ཝུའུ་ཝུའེ་གྲོང་ཁྱེར་ལེང་ཀྲོའུ་ཆུས་ཤིས་ཡིང་གྲོང་རྡལ་མདོ་ལ་རི་བོའི་ཉེ་འགྲམ་དུ་སྡོད་མཁན་ཞིང་པ་ལི་དབྱིས་གསར་འགོད་པར་བཤད་བྱུང་།
         ཀན་སུའུ་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ངོ་སྤྲོད་བྱས་པར། མདོ་ལ་རི་ཁུལ་དུ་མི་ཐབས་ལ་བརྟེན་ནས་ཆར་པ་དང་གངས་ཕབ་ཚེ་ལོ་རེར་ཆར་ཆུ་བབས་ཚད་15%སྟེ་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་7.4མང་དུ་འགྲོ་གི་ཡོད། མི་ཐབས་གནམ་གཤིས་འགྱུར་ལྡོག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་ཆབས་ཅིག ཆར་ཆུ་བབས་ཚད་ཀྱང་དེའི་ཐོག་ད་དུང་10%ནས་15%བར་མང་དུ་གཏོང་ཐུབ་བཟོ་ཡོད་པ་རེད།
         མིག་སྔར་ཀན་སུའུ་ཞིང་ཆེན་དུ་མི་ཐབས་གནམ་གཤིས་འགྱུར་ལྡོག་ས་ཚིགས་475དང་ལས་ཞུགས་མི་སྣ་1300ལྷག་ཙམ་ཡོད། “ཆར་འབེབས་མཁས་པ”1300ལྷག་ཙམ་ལུང་ཡོན་ས་གཞི་ཆེ་མོར་ཁྱབ་ལ་ལས་སྒྲུབ་རྒྱ་ཁྱོན་ཡང་སྤྱི་ལེ་ངོས་གྲུ་ཁྲི་23བར་ཁྱབ་ཡོད། “ཆར་ཆུ་འབེལ་ཚེ་མདོ་ལ་རི་བོའི་སྣོད་བཅུད་སླར་གསོ་མགྱོགས་པོ་ཡོང་ངེས་ཡིན་ལ། རྨ་ནུབ་བར་ཁྱམས་སུ་ཆར་ཆུ་དཀོན་པའི་གནད་དོན་ཡང་ཐག་གཅོད་ཐུབ་ངེས་ཡིན”ཞེས་དབྱང་ལིས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།