འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བཟའ་བཅའི་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་བཙུགས་ནས་སྨན་བཅོས་
    སྒྲིག་གཞི་601བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་2017ལོར་ཕྱོགས་ཡོངས་ནས་བཟའ་བཅའི་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་རིམ་གསུམ་དྲ་རྒྱའི་མ་ལག་བསྐྲུན་པའི་རྨང་གཞིའི་ཐོག་སྨན་བཅོས་སྒྲིག་གཞི་601ལེགས་སྒྲིག་དང་བཀོད་སྒྲིག་བྱས་པ་དེ་དག་བཟའ་བཅའི་རང་བཞིན་གྱི་ནད་ཡམས་ལྟ་ཞིབ་ཚད་ལེན་གྱི་བྱེད་པོར་གྱུར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཟའ་བཅའི་བདེ་འཇགས་ཉེན་ཁ་ལྟ་ཞིབ་ཚད་ལེན་གྱི་ནུས་ལྡན་རང་བཞིན་དང་ཆོག་འཐུས་རང་བཞིན་སྔར་བས་ལེགས་སུ་ཕྱིན་པ་རེད།
         མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་དང་། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། འབྲུ་རིགས་ཅུས་སོགས་སྡེ་ཚན་7དང་མཉམ་དུ་《2018ལོའི་མཚོ་སྔོན་ཞིང་ཆེན་གྱི་བཟའ་བཅའི་བདེ་འཇགས་ཉེན་ཁ་ལྟ་ཞིབ་ཚད་ལེན་གྱི་ཇུས་གཞི་》པར་འགྲེམས་བྱས་པ་དེ་ཐོག་ནས་2018ལོའི་བཟའ་བཅའི་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་ལས་དོན་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད།
         མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབང་ཞའོ་ཅེ་ཡིས་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ཞིང་འབྲོག་ཁུལ་ཁག་གཅིག་རྒྱང་རིང་ལུང་ཁུག་ཏུ་གནས་པའི་དོན་དངོས་ལ་གཞི་ཚུགས་ནས་མཚོ་སྔོན་གྱིས་བཟའ་བཅའི་རང་བཞིན་གྱི་ནད་ཡམས་ཀྱི་ནད་དཔེ་ལྟ་ཞིབ་ཚད་ལེན་བྱེད་པོའི་སྒྲིག་གཞིའི་གྲངས་འབོར་ལེགས་སྒྲིག་དང་གསར་སྣོན་བྱས་པ་དང་། ཇུས་གཞིའི་ནང་2017ལོའི་སོ་ལྟ་ས་ཚིགས་ཀྱི་སྨན་ཁང་97དེ་འདི་ལོའི་སྨན་བཅོས་སྒྲིག་གཞི་601བར་མང་དུ་བཏང་ཡོད་པ་རེད། ཐག་རིང་ལུང་ཁུག་ས་ཁུལ་གྱི་ལྟ་ཞིབ་ཚད་ལེན་ནུས་པ་གཙོ་གནད་ཐོག་ཆེ་རུ་བཏང་བ་དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་30དང་ཤང་གྲོང་གྱི་འཕྲོད་བསྟེན་ཁང་405བཟའ་བཅའི་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་མ་ལག་ནང་བཅུག་ཡོད་ཅེས་ངོ་སྤྲོད་བྱས།
         འདི་ལོར་མཚོ་སྔོན་གྱིས་ད་དུང་ས་ཁུལ་དབུལ་པོའི་རྣམ་གྲངས་ཀྱི་འཚོ་བཅུད་ཐུམ་སྒྲིལ་དང་དེ་བཞིན་དམིགས་བཀར་བཟའ་བཅའི་འཚོ་བཅུད་སྟོན་རྟགས་ཀྱི་ལྟ་ཞིབ་ཚད་ལེན་ནང་དོན་གསར་སྣོན་བྱས་པ་དང་། ཏ་ཐུང་རྫོང་དང་། སྐུ་འབུམ་རྫོང་། སྟོང་སྐོར་རྫོང་། གྲོ་ཚང་རྫོང་། དགོན་ལུང་རྫོང་། བ་ཡན་རྫོང་། བཀའ་མ་ལོག་རྫོང་སོགས་རྫོང(ཆུས)7ནང་ནས་དམིགས་བསལ་བཟའ་བཅའ་འཚོལ་བསྡུ་བྱེད་རྒྱུའི་གཏན་འཁེལ་བྱས་ཏེ་ཕྲུ་གུ་དམར་འབྱར་དང་བྱིས་པ་དང་། སྦྲུམ་མ་དང་ཕྲུ་གུ་བཙས་པའི་བུད་མེད། རྒན་རྒོན་བཅས་ཀྱི་འོ་རྩམ་སོགས་བཟའ་བཅའི་རིགས་8ཀྱི་དངོས་དཔེ་14རྒྱལ་ཁབ་ལས་ཁུངས་སུ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་བསྐྱལ་རྒྱུ་རེད། “ལྟ་ཞིབ་ཚད་ལེན་ས་ཚིགས་གསར་སྣོན་བྱས་པ་དང་འབྲེལ། ལས་འགན་གྱི་དམིགས་ཚད་ཞིབ་ཚགས་སུ་བཏང་ནས་བཟའ་བཅའི་ཁྲོད་ཀྱི་སྦགས་བཙོག་གཙོ་བོ་དང་། དེ་བཞིན་གནོད་པ་ཡོད་པའི་རྒྱུ་རྐྱེན་གྱི་སྦགས་བཙོག་ཚད་གཞི་དང་འཕེལ་ཕྱོགས་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་རང་འགུལ་ངང་ཁ་གཏད་གཅོག་པར་ཡང་ནུས་པ་གང་ཡོད་མཁོ་འདོན་བྱས་ཡོད”ཅེས་དབང་ཞའོ་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།