འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྒྱང་ཚོར་ལྟེ་གནས་ཀྱིས་ས་མཐོའི་སྣོད་བཅུད་ཁོར་ཡུག་དང་གེགས་འགོག་གེགས་
    སེལ་ཐད་ལྟ་ཞིབ་ཚད་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་26ཉིན“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ”ཨང་གསུམ་པ་སླེབས་ཉེའི་སྐབས་བོད་ལྗོངས་གནམ་གཤིས་རིག་པའི་ལྷན་ཚོགས་ཀྱིས་ཚན་རིག་ཁྱབ་གདལ་རྟེན་གཞིའི་སྒོ་འབྱེད་ཉིན་མོ་དང་ཚན་རིག་སློབ་གྲྭར་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་རྒྱང་ཚོར་ལྟེ་གནས་ཀྱིས་རྒྱང་ཚོར་ལག་རྩལ་ས་མཐོའི་སྣོད་བཅུད་ཁོར་ཡུག་དང་གེགས་འགོག་གེགས་སེལ་ཁྱབ་ཁོངས་སུ་སྤྱོད་པ་དང་ཞིབ་འཇུག་གཙོ་བོར་བྱས་ནས་ནགས་ཚལ་དང་། མེ་སྐྱོན་གནས་ཚུལ། གངས་གསོག་སོགས་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་རྒྱ་ཁྱབ་ངང་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་རྒྱང་ཚོར་ལྟེ་གནས་བཙུགས་ཚུན་དུས་དངོས་ཀྱི་སྲུང་སྐར་གྲངས་གཞི་སྤྱད་ནས་ས་མཐོའི་གངས་སྐྱོན་དང་། སྔོ་ཁེབས། ནགས་ཚལ་གྱི་མེ་སྐྱོན། ཐན་སྐྱོན། མཚོ་སོགས་ལྟ་ཞིབ་ཚད་ལེན་གྱི་ཞབས་ཞུའི་ལས་དོན་སྤེལ་ཏེ་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་རྒྱང་ཚོར་ལས་ལྟ་ཞིབ་ཚད་ལེན་བྱུང་བའི་སྤྱི་བསྒྲགས་དང་ཆ་འཕྲིན་དུས་ཐེངས་907བཏོན་པ་དང་དུས་མཚུངས། དུས་ཚོད་འོས་འཚམ་ངང་བོད་ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
         “ང་ཚོའི་ལས་ཀར་རྣམ་གྲངས་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་རྒྱང་ཚོར་སྲུང་སྐར་གྲངས་གཞིའི་ལས་སྒོའི་ལྟ་ཞིབ་ཚད་ལེན་ལས་དོན་ཡིན་པ་དང་གཅིག་ཤོས་ནི་རྩྭ་ཐང་སྲུང་སྐྱོང་བྱ་དགའི་ལམ་སྲོལ་དང་། མི་ནུས་རྩྭ་འདེབས། གེགས་འགོག་གེགས་སེལ་བཅས་ཀྱི་ཆེད་དོན་ལས་དོན་རེད། དབྱེ་འབྱེད་ནུས་པ་ཆེ་བའི་ས་ངོས་ལྟ་ཞིབ་མ་ལག་བོད་ལྗོངས་གྲངས་གཞི་དང་བཀོལ་སྤྱོད་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དེས་བོད་ཀྱི་རྒྱང་ཚོར་སྲུང་སྐར་ལྟ་ཞིབ་ཚད་ལེན་ལས་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་ཚོད་ཡག་ཤོས་སུ་སླེབས་པ་མཚོན་ཡོད”ཅེས་བོད་ལྗོངས་རྒྱང་ཚོར་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཕུར་བུ་ཚེ་རིང་གིས་བཤད།
         2017ལོ་ཁོ་ནར་བོད་ལྗོངས་རྒྱང་ཚོར་ལྟེ་གནས་ཀྱིས་གངས་གསོག་དང་། ནགས་ཚལ་གྱི་མེ་སྐྱོན། སྔོ་ཁེབས། མཚོ། སྐྱུར་ཆར་སོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་། རིགས་ཁག་གི་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས་དུས་ཐེངས་114བཏོན་པ་དེའི་ནང་གངས་གསོག་ཁོ་ནའི་ལྟ་ཞིབ་ཚད་ལེན་དུས་ཐེངས་74དང་སྲུང་སྐར་རྒྱང་ཚོར་གྱི་མེ་སྐྱོན་ལྟ་ཞིབ་ཚད་ལེན་པར་རིས་31ཡོད། དེ་དང་དུས་མཚུངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ནགས་ཚལ་མེ་སྐྱོན་སེལ་ཆེད་དུས་ཐོག་དང་ནུས་ལྡན་གྱི་རྒྱང་ཚོར་ཞབས་ཞུ་མཁོ་འདོན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།