འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གྲོང་ཁྱེར་གྱིས“ཕོ་ཉའི་མ་འཇོག་ཚོགས་པ”སྐྱེད་སྲིང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་ཟི་ལིང་གྲོང་ཁྱེར་གྱིས《གསར་གཏོད་མ་འཇོག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཟི་ལིང་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཏོན་ཏེ་སྲིད་གཞུང་གི་སྣེ་ཁྲིད་དང་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལས་གཏོད་མ་འཇོག་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྲིག་དང་། སྣེ་མང་ལས་གཏོད་ཀྱི་མ་འཇོག་བྱེད་པོ་སྐྱེད་སྲིང་། ཐབས་ལམ་སྣེ་མང་སྤྱད་ནས་ལས་གཏོད་ཀྱི་མ་འཇོག་བསྡུ་སྒྲིལ་ཐབས་ལམ་ཇེ་ཡངས་སུ་གཏོང་བ། ལས་གཏོད་མ་འཇོག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་བྱས་པ་རེད།
         《ཇུས་གཞིའི་》ནང་ཟི་ལིང་གྲོང་ཁྱེར་གྱིས་ལེགས་ཆ་དང་ཁྱད་ཆོས་ལ་བརྟེན་ནས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་དང་། སྐྱེས་དངོས་སྨན་རྫས། རྒྱུ་ཆ་གསར་པ། ནུས་རྒྱུ་གསར་པ། དེང་རབས་ཞབས་ཞུའི་ལས་རིགས། སྒུལ་བདེ་མཉམ་སྦྲེལ། རིག་གནས་གསར་གཏོད། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཞིང་ཆེན་ནང་ཁུལ་དང་ཐ་ན་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་གསར་གཏོད་མ་འཇོག་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་དང་འབྲེལ་བྱེད་ནུས་དང་ལེ་ལག་ཚང་བའི་གསར་གཏོད་མ་འཇོག་གཅིག་སྡུད་ཁུལ་བསྐྲུན་རྒྱུ་དང་། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཟི་ལིང་གྲོང་ཁྱེར་དུ་ལས་གཏོད་མ་འཇོག་སྒྲིག་གཞི་10ཡན་གསར་དུ་འཕར་བར་བྱས་ཏེ་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་གྲས་དང་ཆེས་ཆུང་གྲས་100ཡན་སྐྱེད་སྲིང་བྱ་རྒྱུ། ལས་གཏོད་མ་འཇོག་ཁྲོད་ཀྱི“བསྡུ་རུབ་དང་། མ་འཇོག དོ་དམ། ཕྱིར་འཐེན”བཅས་ཀྱི་མཚམས་ཚིགས་ཁག་གི་སྲིད་ཇུས་དང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་གཏོད་མ་འཇོག་ལས་རིགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་དང་རྐང་འཛིན་ལས་གཏོད་མ་འཇོག་ཁེ་ལས་ཀྱི་ཤུགས་རྐྱེན་གྱི་ནུས་པ་དང་འགྲན་རྩོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལས་གཏོད་མ་འཇོག་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཟང་པོ་དང“ལས་གཏོད་དང་གསར་གཏོད+མ་འཇོག་གསར་གཏོད”བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱ་རྒྱུ་བཅས་བཏོན་ཡོད།
         དེར་བརྟེན་ཟི་ལིང་གྲོང་ཁྱེར་གྱིས་མ་འཇོག་སྒྲིག་གཞི་ཁག་དང་མི་སྒེར་གྱིས་ཁྲིམས་བཞིན་ཀུང་སིའི་རྣམ་པ་དང་མཉམ་སྡེབ་རྣམ་པའི་ལས་གཏོད་མ་འཇོག་ཁེ་ལས་འཛུགས་རྒྱུར་སྐུལ་ལྕག་གཏོང་བ་དང་། ལས་རིགས་ཀྱི་རྐང་འཛིན་ཁེ་ལས་དང་ལག་རྩལ་གསར་གཏོད་ཞབས་ཞུའི་ལྟེ་གནས། ལས་གཏོད་ཞབས་ཞུའི་ལྟེ་གནས། འགན་བཅོལ་རྒྱུ་ནོར་དོ་དམ་སྒྲིག་གཞི་སོགས་ལས་གཏོད་གསར་གཏོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྒྲིག་གཞི་ལས་གཏོད་མ་འཇོག་ལ་ཞུགས་རྒྱུར་སྐུལ་ལྕག་གཏོང་བ། མ་རྩའི་དངོས་ཤུགས་དང་ཉེན་ཁ་དབྱེ་འབྱེད་ཀྱི་ནུས་པ་ལྡན་པའི་མི་སྒེར་གྱི་མ་རྩ་འཇོག་མཁན་ལས་གཏོད་མ་འཇོག་ཁེ་ལས་ལ་ཧུར་ཐག་ཞུགས་པ་དང་སྣེ་ཁྲིད་བྱ་རྒྱུར་སྐུལ་ལྕག་གཏོང་བ། ཕོ་ཉའི་མ་འཇོག་ཚོགས་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་སྒྲིག་གཞི་ཁག་གི་མ་འཇོག་བྱེད་མཁན་དང་མི་སྒེར་གྱིས་ཁྲིམས་བཞིན་ཀུང་སིའི་རྣམ་པ་དང་མཉམ་སྡེབ་རྣམ་པའི་ལས་གཏོད་མ་འཇོག་ཁེ་ལས་འཛུགས་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ་ཕོ་ཉའི་མ་འཇོག་མཁན་གྱིས་ལས་གཏོད་ཁེ་ལས་དང་དེ་བཞིན་ལས་གཏོད་མ་འཇོག་ཁེ་ལས་དང་ཆ་འཕྲིན་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།