འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་དུ་ཞིང་འཕྲུལ་མཉམ་ལས་ཁང་གིས་ངལ་རྩོལ་ལ་སྟབས་བདེ་སྐྲུན་པའི་ཕན་འབྲས་མཉམ་སྤྱོད་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལྔ་གཅིག་གུང་གསེང་རིང་། ཞིང་ནང་དང་མུ་ཁར་ལོ་30ལྷག་ལས་ཀ་བྱས་པའི་ཅིན་ཀུའེ་མིང་གིས་བཟའ་ཟླ་ཁྲིད་དེ་ནང་སར་ཡུལ་སྐོར་དུ་འགྲོ་རྒྱུའི་འཆར་གཞི་ཡོད་ཀྱང་ཞིང་འཕྲུལ་མཉམ་ལས་ཁང་དུ་ལས་བྲེལ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་གནས་སྐབས་འགྲོ་ཐུབ་མེད། “ལོ་གཅིག་རིང་མཉམ་ལས་ཁང་གིས་དཔྱིད་འདེབས་སྟོན་བསྡུའི་ལས་ཀ་ཟླ་བ་བཞི་བྱེད་དགོས་ལ་འབྲུ་རིགས་འདེབས་པའི་ལས་ཀའང་དེ་ལྟར་ཡིན་པས་འཐུས་ཤོར་དུ་གཏོང་མི་རུང”ཞེས་བརྗོད་པ་དང་ཅིན་ཀུའེ་མིང་གིས་སྲིང་བལ་ཞིང་ནང་དུ་བཞག་པའི་མི་མེད་སོན་འདེབས་འཕྲུལ་འཁོར་ནང་སོན་ཁ་སྣོན་རྒྱག་འགོ་ཚུགས།
         2016ལོར་ཅིན་ཀུའེ་མིང་གིས་ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་རུ་ཝེ་ཧའེ་རུའེ་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ལོ་གཉིས་རིང་གཉེར་སྐྱོང་བྱས་པ་བརྒྱུད་ཁེ་འབབ་ཡོང་འགོ་ཚུགས་ཡོད། ཟླ་གསུམ་པའི་ཟླ་མཇུག་ནས་ལྔ་པའི་ཟླ་སྟོད་བར་ནི་ཞིང་འཕྲུལ་མཉམ་ལས་ཁང་ལས་བྲེལ་ཆེ་ཤོས་ཀྱི་དཔྱིད་འདེབས་དུས་མཚམས་ཡིན་པས་ཅིན་ཀུའེ་མིང་གིས་རྟག་ཏུ་རང་ཉིད་ཀྱི་འཕྲུལ་ཆས་དེ་དག་བཏང་ནས་དུས་ཚོད་དམ་འཛིན་ངང་ལས་ལ་གཞོལ་བ་དང་དུས་མཚུངས་ཁོང་ལ“ཞིང་འཕྲུལ་ལས་བྱུང་བའི་ཕན་པ”ཐོབ་ནས་འཕྲུལ་ཆས་ཀྱིས་ངལ་རྩོལ་ལ་སྟབས་བདེ་བསྐྲུན་པ་ཚོར་ཡོད།
         འདི་ལོ་ལོ་53ལ་སླེབས་པའི་ཅིན་ཀུའེ་མིང་ལོ་19ནས་ས་ཞིང་དང་ལས་འབྲེལ་བྱུང་ནས་1983ལོའི་དགུན་དུས་སུ་ཐོན་ལས་དུད་ཚང་ལ་འགན་གཙང་སྤྲད་རྗེས་ཁོང་ལ་ས་ཞིང་མུའུ་7རག་ཡོད། ཞིང་ལས་སྐྱེ་དངོས་ནས་དཔལ་འབྱོར་སྐྱེ་དངོས་བར་དང་། ས་ཞིང་མུའུ་འགའ་ནས་བཅུ་ཕྲག་བར། མི་ཐབས་ལ་བརྟེན་པའི་འདེབས་འཛུགས་ནས་འཕྲུལ་ཆས་ཀྱི་འདེབས་འཛུགས་བར་དུས་ཚོད་མྱུར་བར་འདས་པ་དང་བསྟུན་ནས་ཅིན་ཀུའེ་མིང་གི་ལོ་ཡང་ཆེ་རུ་སོང་བ་ཙམ་མ་ཟད། ས་ཞིང་འདེབས་འཛུགས་ཀྱི་ཉམས་མྱོང་ཆེ་རུ་དང་བློ་གྲོས་ཀྱང་འཕེལ་ཡོད།
         ས་ཞིང་གི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་འགྲོ་སྐབས་ཅིན་ཀུའེ་མིང་གིས་ཕན་འབྲས་ཆེ་ཞིང་མྱུར་བའི་ངང་ས་ཞིང་ཇི་ལྟར་བྱས་ཏེ་འདེབས་རྒྱུར་བསམ་བློ་གཏོང་འགོ་ཚུགས་ཡོད། 1998ལོར་ཁོང་གིས་དངུལ་བསགས་ནས་རྐང་ཡུ་འཐུ་བྱེད་འཕྲུལ་ཆས་ཤིག་ཉོས་ཤིང་། ཁོང་གིས“འཕྲུལ་ཆས་ལ་བརྟེན་ན་ལས་སླ་བ་དང་ལས་ཕྱོད་ཆེ་བའི་ཁར་ཕན་འབྲས་ཀྱང་ལེགས་པར་བརྟེན་ཁྱིམ་མཚེས་ཚོས་ང་ལ་གླ་ཆ་ཕྲན་བུ་སྤྲད་དེ་སྲིང་བལ་གྱི་རྐང་ཡུ་བསྡུ་རོགས་ཞེས་བརྗོད་ཀྱི་འདུག”ཅེས་བཤད། 2013ལོར་ཅིན་ཀུའེ་མིང་གིས་རང་ཁྱིམ་གྱིས་འགན་གཙང་བླངས་པའི་ས་ཞིང་མུའུ་60ལྷག་ཙམ་དེ་གཞན་ལ་བོགས་མར་བཏང་ནས་བློ་རྩེ་གཅིག་སྒྲིམ་ངང་ཞིང་ལས་འཕྲུལ་ཆས་ཀྱི་ལས་ལ་གཞོལ་ཡོད།
         2016ལོར་ཅིན་ཀུའེ་མིང་གིས་གྲོགས་པོ་དང་མཉམ་དུ་མ་དངུལ་སྒོར་ཁྲི་400ཙམ་གྲབས་གསོག་བྱས་ནས་ཞིང་སྤྱོད་འཕྲུལ་ཆས་དང་འབྲེལ་ཡོད་སྒྲིག་ཆས་ཉོས་ཏེ་ཝེ་ཧའེ་རུའེ་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། “ཅིང་ཀུའེ་མིང་གི་མཉམ་ལས་ཁང་བཙུགས་མ་ཐག་ང་ཚོས་མཉམ་ལས་བྱས་པ་ཡིན། ང་ཚོའི་ཞིང་རར་སྲིང་བལ་མུའུ་6000བཏབ་ཡོད། ང་ཚོ་སོ་སོས་ཞིང་ལས་འཕྲུལ་ཆས་ཉོ་དགོས་བྱུང་ན་དོན་དངོས་དང་མི་འཚམ་པ་སྟེ། བེད་སྤྱོད་ཉུང་བའི་ཁར་ད་དུང་ཆེད་མི་གླ་དགོས་པས་མ་གནས་མཐོ་པོ་ཡོད། ཅིན་ཀུའེ་མིང་གིས་བཏང་བའི་ཞིང་ལས་འཕྲུལ་ཆས་གཉིས་ཀྱིས་ཆུ་ཚོད་དྲུག་ལ་ས་ཞིང་མུའུ་100ཙམ་གྱི་ལས་ཀ་ཚང་མ་ཚར་སོང”ཞེས་ཁྲང་ཅི་གྲོང་ཁྱེར་ཅ་ཧོ་སྲིང་བལ་ཆེད་ལས་མཉམ་ལས་ཁང་གི་གཉེར་སྐྱོང་བ་ཀྲོའུ་དབྱིས་བརྗོད་ཅིང་། ཁོང་གིས་ཞིང་འཕྲུལ་མཉམ་ལས་ཁང་གིས་ཞིང་ར་ཆེ་གྲས་ལ་དམིགས་ཏེ་ས་ཞིང་མུའུ་རེ་ནས་སྒོར་10གཅོག་གི་ཡོད་པས“མཉམ་ལས་བྱས་ཚེ་ཚང་མར་ཡོང་འབབ་འདུག”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།