འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཧི་མ་ལ་ཡ་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་འཛུགས་པའི་མཛད་
    སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་02ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་30ཉིན། བོད་ལྗོངས་ཧི་མ་ལ་ཡ་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འཚོགས་པ་རེད། དེ་ནི་རྒྱལ་ནང་གི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་གི་ལས་ལ་གཞོལ་མཁན་གྱི་ཐེབས་རྩ་ལྷན་ཚོགས་ཐོག་མ་དེ་རེད།
         ཐེབས་རྩ་ལྷན་ཚོགས་དེ་ནི་བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སིས་ཐུན་མོང་ཐོག་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་པ་དང་། དེར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པ་དང་། དེ་བཞིན་ཀྲུང་ཁྲེང་མནའ་འབྲེལ་ཚའེ་ཉའོ་རི་འཛེག་རུ་ཁག་དང་པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་སོགས་ཁེ་ལས་ཀྱིས་ཞལ་འདེབས་བརྒྱབ་ཡོད། དབན་ཁོ་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་ལེང་དང་། པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཝང་ཆིའུ་དབྱང་། ཧྭ་ཏ་གཞི་རྒྱུ་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཅན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་བཅས་མཚན་འཛིན་ལས་འཛིན་འགོ་གཙོར་བསྐོ་གཞག་བྱས་པ་དང་། བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སིའི་ལམ་སྟོན་པ་ལུའུ་ཏ་ལས་འཛིན་འགོ་གཙོར་བསྐོ་བཞག་བྱས་པ་རེད།
         “མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་དུ་གནས་པའི་བོད་ལྗོངས་ནི་འཛམ་གླིང་གི་རི་འཛེག་བྱ་ཡུལ་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད”ཉི་མ་ཚེ་རིང་གིས་བོད་ལྗོངས་ཧི་མ་ལ་ཡ་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཙུགས་པ་དེ་ནི་བོད་ཀྱིས“རི་ཁའི་ལྟོ་རྟེན་རི་ཡིས་བྱེད་པ”ཞིག་རེད་ལ། “རི་བོར་དགའ་ཞེན་དང་རི་བོར་སྲུང་སྐྱོང་བྱེད་པའི”ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། རི་འཛེག་ལུས་རྩལ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་དང་། བདེ་འཇགས་ལྡན་པའི་ངང་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འགན་ལེན་ནུས་ལྡན་ཞིག་ཀྱང་རེད། དེ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་བོད་ཀྱི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ནང་གཅིག་སྡུད་དང་རི་མཐོའི་སྲུང་སྐྱོང་གི་འཕེལ་རྒྱས་མ་དངུལ་དེ་བས་མང་བ་བརྩོན་ལེན་བྱས་ནས་བོད་ཀྱི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་སྔར་བས་ལེགས་པ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།
         མིག་སྔར། བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས། བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཀུང་སི་བཅས་ཀྱིས་ཐེབས་རྩ་ལྷན་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དིང་རི་རྫོང་སྲིད་གཞུང་དང་མཉམ་ལས་བྱེད་པ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་གླས་ཏེ“2018ལོའི་དཔྱིད་དུས་སུ་རི་བོ་ཇོ་མོ་གླང་མ་དང་། ཇོ་བོ་དབུ་ཡག ཤི་ཤ་སྦང་མ་བཅས་ལ་འཛེགས་ནས་གད་སྙིགས་གཙང་བཟོ་བྱེད་པའི་བྱ་སྤྱོད་ཆེན་པོ”སྤེལ་བཞིན་ཡོད་པ་རེད།
         སླད་ཕྱིན་བོད་རང་སྐྱོང་ལྗོངས་ཀྱིས་ཐེབས་རྩ་ལྷན་ཚོགས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ལོ་ལྟར་རི་ཁུལ་གྱི་མང་ཚོགས་ཚོར་རི་མཐོའི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་མ་ཟད། རི་འཛེག་ལ་དགའ་པོ་ཡོད་མཁན་ཚོར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲོད་རྒྱུ་ཡིན་པ་དང་། “ཁོར་ཡུག་སྲུང་སྐྱོང་དང་རོགས་སྐྱོབ་ཟུང་དུ་འབྲེལ་བའི”བྱེད་སྟངས་འཚོལ་ཞིབ་དང་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུ་དང་། རི་མཐོའི་ལམ་སྟོན་རོགས་པ་ཚོས་ས་བབ་མཐོ་བའི་རོགས་སྐྱོབ་དང་སྐྱེལ་འདྲེན་ལས་དོན་སྒྲུབ་པ་དང་ཆབས་ཅིག་གད་སྙིགས་སྒྲུག་པ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་སྒྲུབ་རྒྱུ་དང་རི་མཐོ་གནས་ཡུལ་གྱི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རི་མཐོའི་ཁོར་ཡུག་སྲུང་སྐྱོང་དང་རི་མཐོའི་རོགས་སྐྱོབ་ནང་ཞུགས་པ་བརྒྱུད་ཡོང་འབབ་འཕར་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།