འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཁུང་ཞོན་ཡོའུ་ཡིས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་
    མིན་པའི་མཇལ་འཛོམས་ཀྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཁུང་ཞོན་ཡོའུ་ཡིས་ཕྱི་འབྲེལ་པུའུ་རུ་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།
         ཁུང་ཞོན་ཡོའུ་ཡིས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་གྲོས་བསྡུར་བྱས་པ་བརྒྱུད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏི་ཟླ་4ཚེས་27དང་ཚེས་28ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་དངོས་གཞི་མིན་པའི་མཇལ་འཛོམས་གནང་རྒྱུ་ཡིན་པས་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་ཚད་མཐོའི་དོ་ཁུར་ཆེན་པོ་བྱས་ཡོད། མིག་སྔར་ཀྲུང་གོ་དང་རྒྱ་གར་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་དུ་གནས་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཕུགས་བསམ་ཡང་འདྲ་པོ་ཡོད། གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་ལས་སྐྱེས་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་མངོན་པ་མ་ཟད། འོད་སྟོང་འཕྲོ་བའི་མདུན་ལམ་ཆེན་པོ་ཡང་མངོན་ཡོད། ད་ཕན་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་རྒྱས་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ་ལམ་སྲོལ་རང་བཞིན་གྱི་འགྲོ་འོང་ལས་དོན་མུ་མཐུད་སྤེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཆབས་ཅིག རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་དང་རྒྱལ་ཁབ་གཉིས་ཀྱི་རང་ངོས་འཕེལ་རྒྱས་དང་བསྟུན་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་རྒྱུའི་དགོས་མཁོ་ཡོད་ལ། སྔར་བས་གོང་མཐོར་གཏོང་བའི་གོ་སྐབས་ཀྱང་འཕྲད་ཡོད་ཅེས་གསུངས།
         ཁུང་ཞོན་ཡོའུ་ཡིས་ད་ཐེངས་ཀྱི་དངོས་གཞི་མིན་པའི་མཇལ་འཛོམས་ནང་། ཁྲོད་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་བག་ཕེབས་དང་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེ་མོར་དམིགས་ཏེ་འཐབ་ཇུས་སྤེལ་རེས་གནང་རྒྱུ་དང་འབྲེལ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་རང་བཞིན་དང་། ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་རྒྱལ་ཁབ་གཉིས་དབར་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་རྒྱས་ཆེད་ཁ་ཕྱོགས་ཆེན་པོ་སྟངས་འཛིན་དང་དམིགས་ཚད་གསར་པ་འཛུགས་རྒྱུ་དང་། ཀྲུང་གོ་དང་རྒྱ་གར་གྱི་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་རྣམ་པ་གསར་པ་གཏོད་རྒྱུ་རེད། ད་ཐེངས་ཀྱི་མཇལ་འཛོམས་འདིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དང་འབྲེལ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད། གལ་འགངས་ཆེ་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།