འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཕྱི་རྒྱལ་གྱི་རྐུ་ཤོར་རིག་དངོས་ཀྱི་གྲངས་གཞིའི་མཛོད་དངོས་སུ་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་25ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཕྱི་རྒྱལ་གྱི་རྐུ་ཤོར་རིག་དངོས་ཀྱི་གྲངས་གཞིའི་མཛོད་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་ཕྱི་རྒྱལ་གྱི་རྐུ་ཤོར་རིག་དངོས་ཀྱི་གྲངས་གཞིའི་མཛོད་ནང་དེ་གོང་ཁག་ཐེངས་ཕྱེ་ནས་ཁྱབ་བསྒྲགས་བྱས་པའི་ཕྱི་རྒྱལ་གྱི་རྐུ་ཤོར་རིག་དངོས་ཆ་འཕྲིན་ཚུད་ཡོད་པ་དང་འབྲེལ། རྒྱལ་ཁབ་གཞན་གྱི་བརྡ་ཁྱབ་བཏང་ཚུལ་གཞིར་བཟུང་། དུས་ཐོག་ཏུ་གསར་བརྗེ་ཡང་བྱ་རྒྱུ་རེད། མིག་སྔར་གྲངས་གཞིའི་མཛོད་ནང་ཐོག་མར་ཁྱབ་བསྒྲགས་བྱས་པའི་ཁག་ཐེངས་38ཀྱི་ཕྱི་རྒྱལ་གྱི་རྐུ་ཤོར་བའི་རིག་དངོས་6935ནི་ཨེ་ཁྭ་ཏོར་དང་། དབྱི་རག ཕེ་རུ། རི་པིན། པོ་ལི་ཝེ་ཡ། ཨ་ཀེན་ཐིན་བཅས་རྒྱལ་ཁབ་དྲུག་ནས་ཡིན་པ་རེད།
         ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྒྱལ་སྤྱིའི་སྤྱི་ཆིངས་དང་། ཕྱོགས་གཉིས་ཀྱི་གྲོས་ཆོད། བསམ་ཤེས་དྲན་ཐོ་བཅས་ཀྱི་སྒྲོམ་གཞིའི་འོག་ཕྱོགས་བསྡུས་ཐོག་བྱེད་ཐབས་སྣ་མང་སྤྱད་དེ། རྐུ་ཤོར་རིག་དངོས་འདེད་ལེན་དང་རྩིས་སྤྲོད་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་ཡག་པོ་བྱུང་ཞིང་། རྐུ་ཤོར་ནས་ཕྱི་རྒྱལ་དུ་ལུས་པའི་ཀྲུང་གོའི་རིག་དངོས་མང་པོ་རྒྱལ་ནང་དུ་རྩིས་ལེན་ཐུབ་ཡོད། དེ་དང་དུས་མཚུངས་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གིས་རིག་དངོས་འདེད་ལེན་དང་རྩིས་སྤྲོད་ཁྱབ་ཁོངས་སུ་ཆ་འཕྲིན་མཉམ་སྤྱོད་དང་མཉམ་ལས་ལམ་སྲོལ་ལེགས་སུ་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་ནས། 2010ལོར་རྒྱལ་ཁབ་རིག་དངོས་ཅུས་དང་ཀྲུང་གོ་རྟེན་རྫས་བཤམས་མཛོད་ཁང་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་མཐུན་ཚོགས་ཀྱི་ལས་སྟེགས་བརྒྱུད། 《ཀྲུང་གོའི་སྟོངས་ལ་ཉེ་བའི་རིག་དངོས་ཀྱི་དཀར་ཆག་དམར་པོ་》ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། ཁྲིམས་འཛིན་སྒྲིག་གཞི། རྟེན་རྫས་བཤམས་མཛོད་ཁང་། ཉར་ཚགས་མཁན་བཅས་ལ་ཉེན་བརྡ་བཏང་བ་རེད། 2017ལོར་སྤྱི་བདེ་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ཀྲུང་གོའི་རྐུ(བོར་བརླག)ཤོར་རིག་དངོས་ཀྱི་གྲངས་གཞི་ཁྱབ་བསྒྲགས་ལྟེ་གནས”བརྒྱུད། འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞིར་ཀྲུང་གོའི་རྐུ་ཤོར་རིག་དངོས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་རིག་དངོས་རྐུ་རྒྱག་དང་སྔོག་འདོན་བྱེད་སྤྱོད་ལ་མཉམ་དུ་རྡུང་རྡེག་གཏོང་བར་ཆ་འཕྲིན་ཐོག་ནས་རྒྱབ་སྐྱོར་བྱས་པ་རེད།
         དེ་དང་དུས་མཚུངས་རིག་གནས་དང་རིག་དངོས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་རང་རྒྱལ་གྱིས་དེ་མཚུངས་ཀྱི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ཧུར་ཐག་བསྒྲུབས་ཏེ། རྒྱལ་ཁབ་གཞན་གྱིས་རང་རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་དབང་ཆར་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་རྐུ་ཤོར་རིག་དངོས་ཀྱི་གྲངས་གཞིའི་མཛོད་བསྐྲུན་རྒྱུ་ནི་རང་རྒྱལ་གྱིས་རིག་དངོས་ཁྲིམས་འགལ་ངང་ཚོང་འདྲེན་བྱེད་པར་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱ་ཆེད་བཏོན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། གོམ་སྟབས་རྗེས་མར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ད་དུང་རིག་དངོས་ཕྱིར་གཏོང་ནང་འདྲེན་གྱི་མཐའ་མཚམས་ཞིབ་བཤེར་དོ་དམ་ཁྲུའུ་དང་ཞིང་ཆེན་རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་ཁག་ལ་ཕྱི་རྒྱལ་གྱི་རྐུ་ཤོར་བའི་རིག་དངོས་འདྲ་པོ་ཡོད་པ་རྣམས་མཐའ་མཚམས་ནས་ཕྱིར་གཏོང་ནང་འདྲེན་དང་འཁོར་རྒྱུག་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་དང་རིག་དངོས་སྲུང་སྐྱོང་དང་། ཉར་ཚགས། གཉེར་སྐྱོང་བཅས་བྱེད་མཁན་གྱི་ཆེད་ལས་སྒྲིག་གཞི་དང་མི་སྣས་རིག་དངོས་འཁོར་རྒྱུག་གི་བྱེད་སྒོ་སྤེལ་སྐབས་ཕྱི་རྒྱལ་གྱི་རྐུ་ཤོར་རིག་དངོས་ཀྱི་གྲངས་གཞིའི་མཛོད་ལ་དུས་ཐོག་ཏུ་ཞིབ་བསྡུར་དང་དཔྱད་གཞིར་འཛིན་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་བླང་བྱ་དང་ཀུན་སྤྱོད་ཚད་གཞིར་བཟུང་བ། རང་འགུལ་ངང་རྒྱལ་ཁབ་གཞན་གྱི་རྐུ་ཤོར་རིག་དངོས་ཉོ་ཚོང་གི་བྱེད་སྤྱོད་གཏན་འགོག་བཅས་བྱ་རྒྱུའི་འབོད་སྐུལ་བྱས་ཏེ་མིའི་རིགས་ཀྱི་ཐུན་མོང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་ཆེད། “ཀྲུང་གོའི་སྟོབས་ཤུགས”སྐྱེས་སུ་འབུལ་དགོས་པའི་བླང་བྱ་འདོན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།