འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོ་དང་སང་ལོའི་འཛམ་གླིང་གི་དཔལ་འབྱོར་
    འཕར་བའི་སྔོན་དཔག་མཐའ་འཁྱོངས་བྱ་རྒྱུ་ཡིན་ཡང་ཚོང་དོན་གྱི་གདོང་ཐུག་ཉེན་ཁར་
    ཐ་ཚིག་བསྒྲགས་རྒྱུ་ཡིན་པ་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་ཚེས་17ཉིན་སྙན་ཞུ་ཡོངས་བསྒྲགས་བྱས་ནས་འདི་ལོ་དང་སང་ལོའི་འཛམ་གླིང་དཔལ་འབྱོར་འཕར་ཚད་3.9%ལ་སླེབས་རྒྱུ་ཡིན་ནའང་ཚོང་དོན་གྱི་གདོང་ཐུག་གིས་གོ་ལ་ཧྲིལ་པོའི་འཕར་ཚུལ་ལ་ལྡོག་མེད་ཀྱི་ཤུགས་རྐྱེན་ཕོག་སྲིད་པའི་ཐ་ཚིག་བསྒྲགས་པ་རེད།
         IMFཡིས་དེ་ཉིན་ཡོངས་བསྒྲགས་བྱས་པའི་《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟ་》ཞེས་པའི་སྙན་ཞུ་ལས། 2017ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་3.8%ཟིན་ནས་2011ལོ་ཚུན་གྱི་འཕར་ཚད་མགྱོགས་ཤོས་བཏོད་ཡོད། སྙན་ཞུ་ལས་འདི་ལོ་དང་སང་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་3.9%བར་སྔར་བས་མཐོ་རུ་ཕྱིན་ཏེ་འདི་ལོའི་ཟླ་དང་པོའི་སྔོན་དཔག་རིན་ཐང་དང་འཚམ་རྒྱུ་ཡིན་ལུགས་སྔོན་དཔག་བྱས་ཡོད།
         IMFཡིས་ལོ་ལྟར་གྱི་ཟླ་4པའི་དཔྱིད་དུས་ཚོགས་འདུ་དང་ཟླ་10པའི་ལོ་ཚོགས་རིང་ཁག་སོ་སོར་ལོ་སྟོད་དང་ལོ་སྨད་ཀྱི་《འཛམ་གླིང་དཔལ་འབྱོར་རྒྱང་ལྟ་》ཞེས་པའི་སྙན་ཞུ་ཡོངས་བསྒྲགས་བྱས་རྒྱུ་དང་ཆབས་ཅིག་ཟླ་7པ་དང་སང་ལོའི་ཟླ་དང་པོར་སྙན་ཞུ་དེ་གཉིས་གསར་སྒྱུར་བྱེད་ཀྱི་ཡོད་པ་རེད།
         སྙན་སྒྲོན་གསར་ཤོས་ནང་IMFཡིས་སྔོན་དཔག་བྱས་ན། 2018ལོར་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་འཕར་ཚད་2.5%ཟིན་པའི་ནང་ཨ་རིའི་དཔལ་འབྱོར་འཕར་ཚད་2.9%དང་། ཡོ་རོབ་སྒོར་མོའི་ཁུལ་གྱི་དཔལ་འབྱོར་འཕར་ཚད་2.4% རི་པིན་གྱི་དཔལ་འབྱོར་འཕར་ཚད་1.2%བཅས་ཟིན་པ་དང་། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་གྱི་2018ལོའི་འཕར་ཚད་སྔོན་དཔག་ལྟར་ན་4.9%ཟིན་པའི་ཁྲོད་ཀྲུང་གོའི་དཔལ་འབྱོར་འཕར་ཚད་6.6%ཟིན་ཡོད་པ་རེད།
         “འཛམ་གླིང་གི་དཔལ་འབྱོར་ལ་མུ་མཐུད་ཁྱབ་རྒྱ་ཆེ་བའི་སྒུལ་ནུས་མངོན་ཡོད། འོན་ཀྱང་དེའི་དགེ་མཚན་གྱི་རྒྱབ་ལྗོངས་འོག་ཁྱབ་རྒྱ་སྔར་བཞིན་ཆེན་པོ་ཡོད་པའི་ཚོང་དོན་གྱི་གདོང་ཐུག་གི་མདུན་ལྗོངས་ཀྱིས་ཞི་མཐུན་མེད་པའི་སྣང་ཚུལ་ཞིག་མངོན་གྱི་ཡོད”ཅེས་IMFཡི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་མོ་ལི་སི·ཨའོ་པུའུ་སི་ཐེ་ཕེར་ཏེ་ཡིས་དེ་ཉིན་གསུངས།
         ཚོང་དོན་གྱི་གདོང་ཐུག་ཉེན་ཁ་ཕུད་IMFཡིས་རྒྱལ་ཁབ་ཧ་ཅང་མང་པོ་ཞིག་ལ་འགྲན་སློང་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་དུས་དཀྱིལ་གྱི་འཕར་བའི་མདུན་ལྗོངས་ཀྱང་འཕྲད་རྒྱུ་རེད། དེ་གཙོ་བོ་ནི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་འགའ་ཤས་ཆུང་དུ་ཕྱིན་པ་དང་། ཐོན་པའི་ཞན་ཆ་ཆུང་དུ་ཕྱིན་པ་དང་དངུལ་ལོར་སྲིད་ཇུས་རྒྱུན་གཏན་ཅན་དུ་གྱུར་བ་དང་ཆབས་ཅིག་དངུལ་རྩའི་ཁོར་ཡུག་རིམ་བཞིན་དམ་ཟབ་ཏུ་གྱུར་བ། ཨ་རིའི་དཔྱ་ཁྲལ་ཆག་ཡང་གཏོང་བ་ལས་དཔལ་འབྱོར་གྱི་གནོན་ཤུགས་ཕན་འབྲས་རིམ་བཞིན་ཆུང་དུ་དང་མེད་པར་གྱུར་བ་སོགས་རེད། དེ་དང་ཆབས་ཅིག་མི་འབོར་ན་རྒས་ཅན་དང་ངལ་རྩོལ་དང་ཐོན་སྐྱེད་བྱེད་ཚད་མཐོ་རུ་ཕྱིན་ནས་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་མི་མངོན་པའི་དཔལ་འབྱོར་འཕར་ཚད་དལ་པོས་ཚོད་འཛིན་བྱས་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།