འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་དཔའ་རིས་བོད་རིགས་ཀྱི་དམངས་གཞས་པར་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་འགན་འཁུར་བས་ཉེ་ཆར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དཔའ་རིས་དམངས་གཞས་ཀྱི་སློབ་གཞིའི་འོད་སྡེར་པར་སྐྲུན་འགྲེམས་སྤེལ་བྱས་པ་དེ་རྒྱུན་ཆད་ལ་ཉེ་བའི་མི་རིགས་ཀྱི་རིག་གནས་མཆོག་ནོར་རྒྱུན་འཛིན་དང་སྲུང་སྐྱོང་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ཕྱིར་བསྒྲགས་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་། དཔའ་རིས་རྫོང་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གིས་དམངས་ཁྲོད་དུ་སྲོལ་རྒྱུན་གྱི་ཐོ་འགོད་བྱེད་ཐབས་དང་དེང་རབས་ཀྱི་གྲངས་འཛིན་ཅན་གྱི་བྱེད་ཐབས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་ཕྱོགས་ཡོངས་དང་ལེབ་བཤེར་རྣམ་པའི་ཐོག་ནས་ཡོངས་བཤེར་དང་། མྱུར་སྐྱོབ། ཕབ་འཇུག ལེགས་སྒྲིག པར་སྐྲུན་བཅས་ཀྱི་ལས་དོན་བསྒྲུབས་ཡོད། དཔའ་རིས་ས་ཁོངས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་ཁག་ཏུ་དམངས་གཞས་རྒྱུན་འཛིན་གྱི་ཆོས་ཉིད་དང་མཐུན་པའི་ནང་སྦྱོང་དང་འགྲན་བསྡུར་སྣ་ཚོགས་སྒྲིག་འཛུགས་ཐེངས་མང་བྱས་པའི་དམིགས་ཡུལ་ནི་ལོ་ངོ་སྟོང་ཕྲག་དར་ཁྱབ་བྱུང་བའི་གནའ་བོའི་ཤེས་དཔལ་རྒྱུན་མཐུད་དང་རྒྱུན་འཛིན་ཐུབ་པའི་ཆེད་དུ་རེད།
         དཔའ་རིས་བོད་རིགས་ཀྱི་དམིགས་བསལ་འཚོ་བའི་གོམས་གཤིས་དང་། བཟའ་བཏུང་། ཆོས་ལུགས། གཉེན་སྟོན། རྒྱན་གོས་སོགས་ལ་རིག་གནས་དང་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མང་ཆེ་བ་ངག་རྒྱུན་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་ལས་ཡིག་ཐོག་ཏུ་བཀོད་པ་ཉུང་ཉུང་རེད། 2017ལོའི་ཟླ་4པར། དཔའ་རིས་རྫོང་གིས་དཔའ་རིས་ཀྱི་དམངས་གཞས་སློབ་གཞི་རྣམ་པའི་འོད་སྡེར་རབ་དང་རིམ་པ་རྩོམ་སྒྲིག་གི་དུས་འགོའི་ལས་དོན་སྤེལ་འགོ་ཚུགས་ནས་དམངས་ཁྲོད་ཀྱི་གཞས་པ་གཞས་མ་འདེམས་སྒྲུག་དང་། མཚོན་བྱེད་རང་བཞིན་གྱི་གཞས་ཚིག་འདེམས་སྒྲུག་དང་ཡིག་སྒྱུར། གཞས་པ་གཞས་མའི་གླུ་གཞས་ཕབ་འཇུག ཕྱི་རོལ་མཛེས་ལྗོངས་པར་ལེན། དུས་མཇུག་གི་ལེགས་སྒྲིག་སོགས་ཀྱི་ལྷུ་ཚིགས་མང་པོའི་ལས་དོན་ལེགས་པར་བསྒྲུབས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམས་སྤེལ་བྱས་པའི《དཔའ་རིས་དམངས་གཞས་ལེགས་འདེམས་འོད་སྡེར》དེས་ཡིག་རིས་མཉམ་བཀོད་དང་། བོད་རྒྱ་ཤན་སྦྱར། གཟུགས་བརྙན་འབུར་ཐོན་སོགས་ཀྱི་ཐོག་ནས་དཔའ་རིས་དམངས་གཞས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་མངོན་ཡོད་ལ། དཔའ་རིས་ཀྱི་ཉམས་འགྱུར་དང་། མཛེས་དཔྱད་དགའ་ཕྱོགས། རིན་ཐང་སྟོན་ཕྱོགས་བཅས་ཟབ་མོ་ལྡན་པའི་དཔའ་རིས་ཀྱི་གཞས་ཚིག་དང་གཞས་གདངས་དེ་དག་ལས་ཁོང་ཚོའི་མཛེས་དཔྱད་འདུ་ཤེས་དང་། བསམ་བློའི་འདུ་ཤེས། ཡུལ་སྲོལ་གུས་ལུགས་སོགས་གང་ལེགས་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།