འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཡོམ་བརྒྱབ་ནས་ལོ་8སོང་རྗེས་ཡུལ་ཤུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མཆོང་
    སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚོན་མདོག་རྣམ་པར་བཀྲ་བའི་བོད་བཟོའི་ཁང་པས་ལུང་ཤུར་ཁེངས་ཤིང་། གཞུང་ལ་ལམ་4དང་འཕྲེད་ལ་ལམ་16གིས་གྲོང་ཁྱེར་ཡོངས་འབྲེལ་མཐུད་བྱས་ཡོད། ས་བབ་མཐོ་ཚད་སྨི་4000ཟིན་པའི་ཐར་མདའ་ལའི་ལྗོངས་གཟིགས་སྒང་ནས་ཐུར་ལ་ལྟ་སྐབས་ཡུལ་ཤུལ་གྲོང་ཁྱེར་གསར་པར་གསོན་ཤུགས་རབ་ཏུ་རྒྱས་པ་མཐོང་ཐུབ། ལོ་8ཀྱི་གོང་ས་མཐོའི་གྲོང་སྡེ་ཆུང་ངུ་དེར་རང་བྱུང་གི་གོད་ཆག་ཆེན་པོ་བྱུང་བར་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་ཐོབ་ཡོད། ལོ་8ཀྱི་རིང་ཡུལ་ཤུལ་གྱི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་ཡོད།
         “ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་གིས་གཙོ་བོ་ཡུལ་ཤུལ་དང་ཉེ་འཁོར་ས་ཁུལ་ལ་ཞབས་འདེགས་ཞུ་གི་ཡོད། བསྐྱར་སྐྲུན་བྱས་རྗེས་འགོ་ནད་ནད་ཁང་དང་། ཐུམ་འབུའི་ནད་ཀྱི་སྨན་བཅོས་རྟེན་གཞི། དམར་འབྱར་དང་བྱིས་པའི་ནད་ལྕིའི་ལྟ་སྐྱོང་ཁང་སོགས་ཚན་ཁག་མང་པོ་ཡོད་པ་མ་ཟད་ཉལ་ཁྲི་430དང་སྐྲུན་དངོས་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.67ཟིན་པའི་དེང་རབས་ཅན་གྱི་རིམ་གཉིས་ཀ་པའི་སྨན་ཁང་ཞིག་ཏུ་གྱུར་ཡོད”ཅེས་ཡུལ་ཤུལ་ཀྲོའུ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་དབང་མོས་བཤད།
         ཡུལ་ཤུལ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་140ཆོད་པའི་ཡུལ་ཤུལ་གྲོང་ཁྱེར་རག་སྨད་ཤང་སུ་རུག་གྲོང་ཚོར་སྒྲོལ་མ་ཆོས་མཚོས་ལོ་གཅིག་འཁོར་མ་ཐག་པའི་མཚེ་མ་བུ་3གྱི་འགྲམ་དུ་བསྡད་དེ་མིག་ཟུང་ལས་སྐྱེད་མའི་བྱམས་བརྩེ་འཕྱུར། “གལ་ཏེ་ཀྲོའུ་སྨན་ཁང་གི་དམར་འབྱར་ནད་ལྕིའི་ལྟ་སྐྱོང་ཁང་མེད་ཚེ་ཕྲུ་གུ་གསུམ་པོ་གསོན་ཁག་པོ་རེད”ཅེས་སྤོ་བོ་སྐལ་རྒྱལ་གྱིས་བུ་མོ་དང་ཚ་བོ་3ལ་ལྟ་བཞིན་བཤད།
         2017ལོའི་ཟླ་3ཚེས་22ཉིན་གྱི་ཐོ་རེངས་སུ། མངལ་འཁོར་ནས་གཟའ་འཁོར་30མ་ཟིན་པའི་སྒྲོལ་མ་ཆོས་མཚོར་ཡུལ་ཤུལ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་དུ་མཚེ་མ་བུ་གསུམ་སྐྱེས་པ་རེད། “དམར་འབྱར་གྱི་དབུགས་འགག་པ་དང་། ནང་ཁྲོལ་ཡག་པོ་འཚར་མེད་པ། ལྗིད་ཚད་ཧ་ཅང་དམའ་བ་སོགས་ཡོད་པས་ཕྲུ་གུ་གསུམ་པོ་འཆི་བའི་ཉེན་ཁ་ཆེན་པོ་འདུག”ཅེས་པའི་སྨན་པའི་སྐད་ཆ་ལས་སྐལ་རྒྱལ་དངངས་སྐྲག་ཆེན་པོ་ལངས།
         ཡུལ་ཤུལ་ཀྲོའུ་སྨན་ཁང་གི་དམར་འབྱར་དང་བྱིས་པའི་ནད་ལྕིའི་ལྟ་སྐྱོང་ཁང་གིས་སྐལ་རྒྱལ་ཁྱིམ་ཚང་ལ་རེ་བ་གསར་པ་སྦྱིན། 2017ལོའི་ཟླ་3ཚེས་9ཉིན་ཡུལ་ཤུལ་ཀྲོའུ་ཡི་དམར་འབྱར་དང་བྱིས་པའི་ནད་ལྕིའི་ལྟ་སྐྱོང་ཁང་དང་པོ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཟླ་3ཚེས་22ཉིན་ནད་ལྕིའི་ལྟ་སྐྱོང་ཁང་སྤྱོད་འགོ་ཚུགས་ནས་ཉིན་13སོང་བའི་ཉིན་དེར་མཚེ་མ་3པོ་སྨན་ཁང་དེར་བསྒྱུར།
         ཉིན་3དང་མཚན་3མྱུར་སྐྱོབ་བྱས་པ་དང་ཟླ་བ་1ལྷག་ཙམ་སྐྱོབ་བཅོས་ལྟ་སྐྱོང་བྱས་པ་བརྒྱུད། མཚེ་མ་3པོའི་ལུས་པོའི་མངོན་རྟགས་ཚང་མ་རྒྱུན་གཏན་ལྟར་གྱུར་ཡོད། “སྨན་ཁང་གིས་ང་ཚོའི་མི་3གྱི་སྲོག་བསྐྱབས་པས་ཕ་མ་ནང་བཞིན་བཀའ་དྲིན་ཆེན་པོ་ཡིན། ང་ཚོས་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་དཀའ་ཡང་ཚེ་གང་བརྗེད་པ་མི་འདུག”ཅེས་སྐལ་རྒྱལ་གྱིས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ཏེ་བོད་རིགས་མང་ཚོགས་ཚོའི་ཆེས་ལྷག་བསམ་དག་པའི་ཕྱག་རྒྱའི་ཐོག་ནས་ཐུགས་རྗེ་ཆེ་མཚོན་པར་བྱས།
         དམར་འབྱར་དང་བྱིས་པའི་ནད་ལྕིའི་ལྟ་སྐྱོང་ཁང་བསྐྲུན་པ་དེས་ཡུལ་ཤུལ་ཀྲོའུ་དང་ཉེ་འཁོར་ས་ཁུལ་གྱི་དམར་འབྱར་འཆི་ཚད་དམའ་རུ་ཆེས་ཆེར་ཕྱིན་ཡོད། ཡུལ་ཤུལ་ཀྲོའུ་སྨན་ཁང་གི་བསྡོམས་རྩིས་ལ་གཞིགས་ན། སྨན་ཁང་དེར་དམར་འབྱར་འཆི་ཚད་2016ལོའི་12.9%ནས་2017ལོའི་3.47%བར་ཆག་ཡོད། མིག་སྔའི་བར་དམར་འབྱར་དང་བྱིས་པའི་ནད་ལྕིའི་ལྟ་སྐྱོང་ཁང་ནས་ནད་གཞི་ཕོག་པའི་བྱིས་པ་392སྐྱོབ་བཅོས་བདེ་བླག་བྱུང་ཡོད།
         “རྒྱལ་ཁབ་དང་རོགས་སྐྲུན་ས་ཁུལ་ཁག་གིས་ཡུལ་ཤུལ་ལ་སྨན་བཅོས་སྒྲིག་ཆས་མང་པོ་སྒྲིག་སྦྱོར་བྱས་ཤིང་། གསུས་ཤེལ་སོགས་ཀྱི་སྒྲིག་ཆས་ནང་སའི་སྨན་ཁང་མང་པོ་ཞིག་གི་སྒྲིག་ཆས་ལས་སྔོན་ཐོན་ཆེ་བ་ཡོད། ཡིན་ནའང་ཤེས་ལྡན་པ་དཀོན་པ་ནི་དེ་སྔ་ཡུལ་ཤུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུར་འཕྲད་པའི་འཇུར་མིག་ཆེ་ཤོས་དེ་རེད”ཅེས་བསོད་ནམས་དབང་མོས་བཤད།
         ཤེས་ལྡན་པ་དཀོན་པའི་དཀའ་གནད་སེལ་ཆེད། 2016ལོའི་ཟླ་8པར་པེ་ཅིང་གི་རོགས་སྐྲུན་ཚོགས་པ་ཁག་གསར་པས་ཡུལ་ཤུལ་ཀྲོའུ་སྨན་ཁང་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་རོགས་སྐྲུན་ལས་ཀའི་གཙོ་གནད་དེ་དེ་སྔའི་སྨན་བཅོས་ལག་རྩལ་ཕྱིར་གཏོང་ནས་སྨན་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཐད་བསྒྱུར་བས་སྨན་ཁང་དེའི་འཁོར་རྒྱུག་དང་དོ་དམ་སོགས་ཐད་ཀྱི་ཞན་ཆ་གཞི་རྩའི་ཆར་བསལ་བ་དང་། བེད་སྤྱོད་མི་བྱེད་པའི་སྒྲིག་ཆས་རྣམས་ཀྱང་སྤྱོད་འགོ་ཚུགས་པ། སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་མཁན་ནད་པ་མང་དུ་མངོན་གསལ་དོད་པོ་སོང་བ། སྨན་དོན་དཔུང་ཁག་གི་ལས་ཀའི་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།