མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་
བཅོས་བརྒྱབ་པའི་བཀའ་ཁྲིམས་ཆེན་པོ་གསུམ་ཁྱབ་བསྒྲགས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནང་སྲིད་ཀྱི་བཀའ་ཁྲིམས(ཚོད་ལྟའི་ལག་བསྟར)》དང་། 《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་ཀྱི་བཀའ་ཁྲིམས(ཚོད་ལྟའི་ལག་བསྟར)》《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྒྲིག་གི་བཀའ་ཁྲིམས(ཚོད་ལྟའི་ལག་བསྟར)》(དེ་གསུམ་ལ་སྤྱི་མིང་དུ་ཐུན་མོང་གི་བཀའ་ཁྲིམས་ཟེར)དེ་2018ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         གསར་དུ་བཟོ་བཅོས་བརྒྱབ་པའི་ཐུན་མོང་གི་བཀའ་ཁྲིམས་ནི། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་བསྟར་ནས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ་དང་། “སྔར་བས་གཙིགས་ཆེན་བྱེད་པ་ལྔའི”འཐབ་ཇུས་ཀྱི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ་དམག་ཨུད་ཀྱིས་སྤྱི་ཡོངས་ལ་དོ་དམ་དང་། འཐབ་ཁུལ་གྱིས་དམག་གཙོ་བོར་རྒྱག་པ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོར་བྱེད་པའི་རྣམ་པ་གསར་པ་དང་འཚམ་པ་དང་། ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུའི་བླང་བྱ་བཀའ་ཁྲིམས་ཀྱི་ཕྱོགས་ཚང་མར་མངོན་པར་བྱས་ཏེ། དུས་རབས་ཀྱི་རང་བཞིན་དང་། ཚན་རིག་རང་བཞིན། གནད་འཁེལ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཟབ་ཏུ་བཏང་ནས་དུས་རབས་གསར་པར་དམག་དཔུང་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པའི་གཞི་རྩའི་ཁྲིམས་སྲོལ་དང་དམག་མི་ཡོངས་ཀྱིས་ཐུན་མོང་ཐོག་སྲུང་བརྩི་ཞུ་བའི་བྱ་སྤྱོད་ཀྱི་ཚད་འཛིན་ས་ཞིག་རེད། གསར་དུ་བཟོ་བཅོས་བརྒྱབ་པའི་ཐུན་མོང་གི་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དེས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་དེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་འགྲུབ་པ་དང་མི་དམངས་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         གསར་དུ་བཟོ་བཅོས་བརྒྱབ་པའི་《ནང་སྲིད་ཀྱི་བཀའ་ཁྲིམས(ཚོད་ལྟའི་ལག་བསྟར)》ལ་དེ་སྔ་ལེའུ་21དང་དོན་ཚན་420ཡོད་པ་ནས་ལེའུ་15དང་དོན་ཚན་325བར་ལེགས་སྒྲིག་བྱས་པའི་ནང་། ནང་སྲིད་འཛུགས་སྐྱོང་གི་མཛུབ་ཁྲིད་དགོངས་པ་དང་རྩ་དོན་ཁ་གསལ་བཟོས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་ཡོང་བ་བྱེད་པ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ནས་དམག་གྲབས་དམག་འཐབ་ལ་དམིགས་པ་དང་སྒྲིག་གཞི་གསར་པ་དང་བླང་བྱ་གསར་པར་བསྡིགས་ནས་དམག་དཔུང་ཚན་པའི་མིང་འདོགས་དང་དམག་མིའི་འགན་འཁྲི་ལེགས་སྒྲིག་དང་ཚད་ལྡན་ཡོང་བ་བྱས་ཏེ། ཉིན་རེའི་དམག་རྒྱག་གི་གྲ་སྒྲིག་དང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དོ་དམ་ཐད་ནང་དོན་དང་བླང་བྱ་རྒྱས་སུ་བཏང་ཡོད།
         གསར་དུ་བཟོ་བཅོས་བརྒྱབ་པའི་《སྒྲིག་ཁྲིམས་ཀྱི་བཀའ་ཁྲིམས(ཚོད་ལྟའི་ལག་བསྟར)》ལ་དེ་སྔ་ལེའུ་7དང་དོན་ཚན་179ཡོད་པ་ནས་ལེའུ་10དང་དོན་ཚན་262བར་ལེགས་སྒྲིག་བྱས་པའི་ནང་། ཏང་གི་བཀོད་འདོམས་ལ་ཉན་རྒྱུ་དང་། དམག་གྲབས་དམག་འཐབ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུར་དམིགས་ནས་ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། དམག་འཐབ་ཀྱི་སྒྲིག་ལམ། ནང་སྦྱོང་གི་སྒྲིག་ལམ། ལས་དོན་གྱི་སྒྲིག་ལམ། གསང་སྲུང་གི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ། ནོར་དཔལ་གྱི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ཕྱོགས་བཅུའི་སྒྲིག་ལམ་ཐད་ནང་དོན་དང་བླང་བྱ་བཏོན་ཡོད།
     གསར་དུ་བཟོ་བཅོས་བརྒྱབ་པའི་《དཔུང་སྡེའི་རུ་སྟར་གྱི་བཀའ་ཁྲིམས(ཚོད་ལྟའི་ལག་བསྟར)》ལ་དེ་སྔ་ལེའུ་11དང་དོན་ཚན་71ཡོད་པ་ནས་ལེའུ་10དང་དོན་ཚན་89བར་ལེགས་སྒྲིག་བྱས་པའི་ནང་། དཔོན་དམག་གི་ངར་ཤུགས་སྔར་བས་འཕེལ་བ་དང་། རང་རེའི་དཔུང་སྡེའི་གཟུགས་བརྙན་བཟང་པོ་མངོན་པ། རྒྱལ་གཅེས་དམག་གཅེས་ཀྱི་སྤྲོ་བ་འཕེལ་བ་བཅས་ཡོང་བར་དམིགས་ཏེ། དཔུང་འཇུག་དམ་བཅའ་དང་། བསྐྱར་སྒྲིག རྒྱལ་ཁའི་ངང་ཕྱིར་ལོག སྐུ་གཤེགས་དཔའ་བོར་བསུ་བ་ཞུ་བ་སོགས་ཀྱི་མཛད་སྒོ་14གསར་དུ་བསྣན་ནས་མཛད་སྒོ་སྣ་ཚོགས་འཚོགས་པའི་དུས་ཚོད་དང་། ས་ཆ། ལས་རིམ། བླང་བྱ་བཅས་ཚད་ལྡན་དུ་གཏོང་བ་དང་། དམག་གཟིགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཀྱི་ལས་རིམ་དང་། རུ་སྟར་གྲུ་བཞིའི་རུ་སྒྲིག་སྟངས། སྒུལ་སྟངས་གནད་འགག་བཅས་ལེགས་སྒྲིག་ཚགས་ཚུད་བཟོ་བ། རུ་སྒྲིག་གི་གཞི་རྩའི་ཚད་གཞི་དང་གོ་མཚོན་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་ལེགས་སྒྲིག་དང་ཡིང་གི་སྒོ་སྲུང་དམག་མིའི་ལས་རེས་སྐབས་ཀྱི་ལུས་པོའི་སྒུལ་སྟངས་གཅིག་གྱུར་བཟོ་བ་སོགས་ཀྱི་ནང་དོན་འཁོད་ཡོད།