འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚར་སྡུག་རྣམ་པར་བཀྲ་བའི་ལས་གཏོད་ཕུགས་འདུན་བཏོད།

    —— མངའ་རིས་ས་ཁུལ་གུ་གེ་སྒྱུ་རྩལ་ཚད་ཡོད་ཀུང་སིའི་གསར་གཏོད་པ་མི་འགྱུར་གྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 1976ལོར་མི་འགྱུར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་སྐྱེས། ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འཁོར་ཆགས་དགོན་ཡུལ་འདིར་ཆགས་ཤིང་། དགོན་པའི་མིང་གྲོང་ཚོར་ཐོགས་པ་ཞིག་ཡིན། མི་འགྱུར་གྱི་ཞང་པོ་ཐུབ་བསྟན་སྔོན་མ་འཁོར་ཆགས་དགོན་དུ་ལྡེབས་རིས་འབྲི་བ་དང་། བརྐོས་རྒྱག་པ། འབག་བཟོ་བ་སོགས་བྱེད་མྱོང་བ་དང་། མི་འགྱུར་ཆུང་དུས་ནས་ཞང་པོ་དང་མཉམ་དུ་རྟག་ཏུ་འཁོར་ཆགས་དགོན་དུ་འགྲོ་འོང་བྱེད་པས་དགོན་པའི་ནང་གི་ཐང་ག་དང་། སྐུ་འདྲ། ལྡེབས་རིས་སོགས་སྒྱུ་རྩལ་གྱི་རྩ་ཆེའི་དངོས་རིགས་དེ་དག་གིས་རྦད་དེ་ཡིད་དབང་འཕྲོག་པ་མ་ཟད། ཞང་པོའི་མཛུབ་ཁྲིད་དང་བློ་འབྱེད་ཀྱང་ཐོབ་པ་རེད།
           བྱིས་དུས་ཀྱི་བག་ཆགས་ལས་མི་འགྱུར་གྱི་རི་མོ་འབྲི་བའི་ལྷན་སྐྱེས་ཤེས་པ་འཕེལ་ནས་ཐང་ག་དང་ལྡེབས་རིས་ལ་ཤིན་ཏུ་དགའ་བར་གྱུར། ཞང་པོ་ཐུབ་བསྟན་གྱིས་ཀྱང་ཚོན་དང་པིར་སྨྱུག་ཉོས་པ་མ་ཟད། རང་ཉིད་ཀྱི་ལག་རྩལ་ཡང་བུམ་པ་གང་བྱོའི་ཚུལ་གྱིས་མི་འགྱུར་ལ་བསླབས། མི་འགྱུར་གྱི་རི་མོ་འབྲི་རྩལ་ཡར་རྒྱས་ཆེན་པོ་བྱུང་བ་དང་སྦྲགས་ཉེ་འགྲམ་གྱི་མི་ཁྱིམ་དག་གིས་མི་འགྱུར་ལ་ཁྱིམ་ཆས་དང་། མདའ་གཡབ། གནམ་པང་སོགས་ཀྱི་ཐོག་ཏུ་ཚོན་གཏོང་བར་འབོད་ཀྱི་ཡོད། ཡིན་ནའང་མི་འགྱུར་གྱིས་དེ་ཙམ་ལ་བློ་ཁ་ཚིམས་ནས་མ་བསྡད་པར་རང་ཉིད་ཀྱི་རི་མོ་འབྲི་རྩལ་སྔར་བས་ཡར་རྒྱས་གཏོང་དགོས་འདུག་སྙམ།
         2001ལོར་ལོ་25སླེབས་པའི་མི་འགྱུར་ལ་སྤུ་ཧྲེང་རྫོང་དུ་དགོན་པའི་རིག་དངོས་ཉམས་གསོ་གནང་བར་ཕེབས་པའི་ཨ་མདོ་རྫོང་གི་ལྷ་འབྲི་ཆེ་མོ་བ་སངས་རྒྱས་མཇལ། ཁོང་གི་མཛུབ་སྟོན་འོག་མི་འགྱུར་གྱིས་རང་ཉིད་ཀྱི་སྒྱུ་རྩལ་ལམ་བུའི་ཐོག་གི་སྒོ་མོ་གཞན་ཞིག་ཕྱེ་ཐུབ་པ་བྱུང་ནས་ཕུགས་འདུན་བརྩོན་གཉེར་བྱེད་པའི་གོམ་སྟབས་སྔར་བས་བརྟན་དུ་སོང་ཡོད། 2003ལོར་མི་འགྱུར་ཕ་ཡུལ་ནས་ཐེངས་དང་པོ་བྲལ་ཏེ་ལྷ་སར་ལྷ་འབྲི་བ་ཆེ་མོའི་ཞབས་ལ་གཏུགས་པར་འོང་བ་དང་། སྨན་ཐང་ལུགས་ཀྱི་ལྷ་འབྲི་བ་མཁས་གྲུབ་རྒྱ་མཚོའི་དགེ་ཕྲུག་ཏུ་གྱུར་ནས་སྨན་ཐང་ལུགས་ཀྱི་འབྲི་རྩལ་སྦྱངས།
         2009ལོར་རི་མོ་འབྲི་བའི་ཐད་མི་འགྱུར་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ནའང་། དོན་ཆུང་ཞིག་གིས་ཁོང་གི་མི་ཚེའི་ཁ་ཕྱོགས་བསྒྱུར་ནས་མཐར་གསར་གཏོད་ལས་གཏོད་ཀྱི་ལམ་བུའི་ཐོག་ཞུགས། ལོ་དེའི་ཟླ་9པར་མི་འགྱུར་གྱིས་བུ་ཆེ་བ་མངའ་རིས་ས་ཁུལ་དུ་སློབ་གྲྭར་གཏོང་སྐབས་གསར་དུ་བཙུགས་མ་ཐག་པའི་མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་མ་བསྡུ་བ་དང་ཏག་ཏག་འཁེལ། གནས་ཚུལ་དེ་ཐོས་རྗེས་མི་འགྱུར་གྱིས་དགའ་སྤྲོ་ཆེན་པོས“མ་གཞི་ཐང་ག་འབྲི་བའི་ཐད་ང་ལ་རྨང་གཞི་ཅུང་ཙམ་ཡོད་ནའང་། ལོ་དེ་དག་ནང་ངས་རིག་གནས་ཤེས་བྱ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ཤེས་སོང་། དེ་དང་ཆབས་ཅིག་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་། སྣུམ་ཚོན་རི་མོ། སྐྱ་རིས་ཐད་ཀྱི་ཤེས་བྱའང་སྦྱོང་འདོད་འདུག”ཅེས་བཤད།
         དེ་ལྟར་བསམ་བཞིན་མི་འགྱུར་གྱིས་གཞན་གྱི་ལབ་གླེང་ལ་མ་བལྟོས་པར་བཟོ་བཀོད་མཛེས་རྩལ་ཆེད་ལས་ལ་མིང་ཐོ་བཀོད།
         མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་སྟངས་ལག་ལེན་བསྟར་གྱི་ཡོད། ལག་ལེན་སློབ་ཚན་ཐོག་མི་འགྱུར་གྱིས་སློབ་གྲྭའི་སྒྲིག་འཛུགས་འོག་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་ལྟ་སྐོར་བྱས། གནའ་ཤུལ་གྱི་ཕོ་བྲང་དམར་པོ་དང་དཀར་པོའི་ནང་ཉར་ཚགས་ཅུང་ཡག་ཙམ་བྱུང་བའི་གུ་གེའི་ལྡེབས་རིས་ཀྱི་མཛེས་པས་མི་འགྱུར་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག དུས་དེར་མི་འགྱུར་གྱིས་རང་ཉིད་ཀྱིས་ལོ་བཅུ་གྲངས་ནང་སྦྱངས་པ་བྱས་པའི་ལུགས་མི་འདྲ་བའི་ཐང་ག་འབྲི་སྟངས་དང་། རིགས་འདྲ་མིན་གྱི་རི་མོ་འབྲི་རྩལ་ཚང་མར་ཁ་ཕྱོགས་རྙེད་པ་ལྟ་བུ་བྱུང་བ་དང་། ཁོང་གིས་རང་ཉིད་མཛེས་རྩལ་གྱི་ལམ་ལ་གཞོལ་བ་ནི་སྒྱུ་རྩལ་ཐད་ཀྱི་ཡར་རྒྱས་བརྩོན་གཉེར་བྱེད་པ་ཙམ་མ་ཡིན་པར། དེ་ལས་གལ་ཆེ་བ་ཞིག་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པ་བྱ་རྒྱུ་དེ་རེད་འདུག་སྙམ།
         སློབ་གྲྭ་ཐོན་རྗེས་2013ལོའི་ཟླ་3པར་མི་འགྱུར་གྱིས་ཕྱོགས་ཁག་ནས་མ་དངུལ་གྲབས་གསོག་བྱས་ཏེ་རང་ཉིད་ཀྱི་ཀུང་སི་བཙུགས་ནས་ལས་གཏོད་དང་གུ་གེའི་རིག་གནས་དར་སྤེལ་གཏོང་རྒྱུ་ཟུང་འབྲེལ་བྱས་པ་མ་ཟད། རི་མོའབྲི་བའི་ཕུགས་འདུན་ལྡན་མཁན་ཡུལ་དེའི་གཞོན་ནུ་ལས་ཞུགས་ལ་སྐུལ་ཁྲིད་ཀྱང་བྱས་པ་རེད།
         མི་འགྱུར་གྱིས་གསར་འགོད་པར། ངས་ཐང་ཀའི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་ཐད་བསམ་བློ་གཏོང་འགོ་བཙུགས་པ་ཡིན། “བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཚེ་ཀུང་སིའི་གཞི་ཁྱོན་ཡང་ཆེ་རུ་ཕྱིན་ནས་མི་སྔར་བས་མང་བ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ཐུབ། ད་ཕན་ལོ་ཤས་རིང་། མངའ་རིས་ཀྱི་རྫོང་ཁག་གིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་བས་ངའི་བསམ་པར་དྲ་རྒྱ་བརྒྱུད་གུ་གེའི་ཁྱད་ལྡན་ཐང་ཀའི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་ནས་བྲིན་ཚོང་བྱེད་རྒྱ་ཆེ་རུ་གཏོང་དགོས་སྙམ་བྱུང”ཞེས་མི་འགྱུར་གྱིས་བཤད། ཁོང་གིས་དྲ་ཐོག་ཚོང་དོན་ཐག་རིང་ལུང་ཁུག་གི་ལག་ཤེས་བཟོ་རྩལ་བྲིན་ཚོང་བྱ་རྒྱུའི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་ཤེས།
         མངའ་རིས་ཀྱི་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་སྦྲགས་མི་འགྱུར་གྱིས་གསར་གཏོད་ཧུར་ཐག་བྱས་ནས་ལག་ཤེས་བཟོ་རྩལ་ཏེ“གུ་གེའི་ཤིང་བརྐོས་རི་མོ”གསར་བཟོ་བྱས་པས་རྒྱ་ཆེའི་ཡུལ་སྐོར་བས་དགའ་པོ་བྱེད་པ་མ་ཟད། རིགས་གཅིག་མཁས་ཅན་གྱི་ཁས་ལེན་ཡང་ཐོབ་ནས་2017ལོའི་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོར་གསེར་གྱི་བྱ་དགའ་ཐོབ་ཡོད།
         2016ལོར་མི་འགྱུར་གྱིས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་རིག་གནས་པུའུ་དང་སློབ་གསོ་པུས་སྤེལ་བའི“ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཚོགས་སྤྱིའི་ཟབ་སྦྱོང་གསོ་སྦྱོང་འཆར་གཞིའི”གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་ལ་ཞུགས་ཡོད། ད་ཆ་མི་འགྱུར་གྱིས་རང་ཉིད་ཀྱི་ཕྲག་ཏུ་ཁུར་པོ་སྔར་བས་ལྕི་རུ་ཕྱིན་པ་ཚོར་རུང་། ཁོང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཡོད།
         མི་འགྱུར་གྱིས་གསར་འགོད་པར“རྒྱུན་སྲིང་ལྷོད་མེད་དང་འབད་འཐབ་ཧུར་ཐག་བྱས་ཚེ་འབྲས་བུ་བཟང་པོ་ཐོབ་ཐུབ། གསར་གཏོད་ཀྱི་ལམ་བུར་དཀའ་ངལ་མང་པོ་འཕྲད་སྲིད་རུང་བློ་ཁོག་ཆེན་པོས་མདུན་སྐྱོད་བྱས་ཚེ་མཐར་གཡུར་ཟའི་འབྲས་བུ་ཐོབ་ངེས་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།