༄༅།།"གཙང་སྦྲ་དོད་པའི་རྒྱ་གར"གྱི་ལས་འགུལ་ལ་མཁོ་ཆེ་ཤོས་ནི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུ་དེ་རེད།
རྒྱ་གར་དུ་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཅི་རུང་གིས།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 04ཚེས་16ཉིན། 13:39】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཉེ་ཆར་《རྒྱ་གར་སྐབས་དོན་ཚགས་པར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་དངུལ་ཁང་གི་མངའ་འོག་སྒྲིག་གཞིས་རྒྱ་གར་གྱི་2017ལོའི་ལོ་འཁོར་གྱི་གྲོང་གསེབ་འཕྲོད་བསྟེན་ལ་བརྟག་དཔྱད་བྱས་པ་ལས་སྡོད་ཁང་77%ལ་གསང་སྤྱོད་ཡོད་པ་དང་། གསང་སྤྱོད་ཡོད་པའི་གྲོང་གསེབ་ཁྱིམ་ཚང་93%དེ་དག་གིས་གསང་སྤྱོད་སྤྱོད་ཀྱི་ཡོད་པ་མངོན་ཡོད།
བརྟག་དཔྱད་བྱེད་པའི་དུས་ཚོད་2017ལོའི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ནས་2018ལོའི་ཟླ་གསུམ་པའི་ཟླ་དཀྱིལ་བར་ཡིན་ཞིང་། རྒྱ་གར་ཡོངས་ཀྱི་གྲོང་ཚོ་6136གི་སྡོད་ཁང་92040ལ་བརྟག་དཔྱད་བྱས་ཡོད། བརྟག་དཔྱད་སྙན་ཞུ་འདི་གཞིར་བཟུང་བརྟག་དཔྱད་དང་ལེན་བྱས་པའི་གྲོང་ཚོའི་ཁྲོད་ཀྱི་70%གད་སྙིགས་དང་ཆུ་འགག་པའི་སྣང་ཚུལ་ཐོན་ཉུང་བ་དང་གྲོང་ཚོ་དེ་དག་གི་མི་93.4%ཡིས་རྟག་ཏུ་གསང་སྤྱོད་སྤྱོད་ཀྱི་ཡོད། རྒྱ་གར་འཐུང་ཆུ་དང་འཕྲོད་བསྟེན་པུའི་དྲ་ཚུགས་ཀྱི་གྲངས་གཞི་གསར་ཤོས་ལས་2014ལོའི་ཟླ་བཅུ་པ་ནས་བཟུང“གཙང་སྦྲ་དོད་པའི་རྒྱ་གར”གྱི་ལས་འགུལ་སྤེལ་བ་ནས་འདི་ལོའི་ཟླ་3ཚེས་29ཉིན་བར་མི་དུང་ཕྱུར་3གྱིས་བཙོག་གཅིན་གང་བྱུང་དུ་གཏོང་གི་མེད། རྒྱ་གར་གྱི་གྲོང་གསེབ་ས་ཁུལ་དུ་གསང་སྤྱོད་ཁྲི་6623བསྐྲུན་ཡོད། 2014ལོའི་ཟླ་བཅུ་པར་གསང་སྤྱོད་ཡོད་པའི་གྲོང་གསེབ་ཀྱི་ཁང་པས་སྡོད་ཁང་གི་བསྡོམས་འབོར་ནང་38%བཟུང་བ་དང་ད་ལྟ་གྲངས་ཀ་འདི་79.98%བར་ཟིན་པ་མངོན་ཡོད།
རྒྱ་གར་གྱི་བག་ཆགས་དང་པོ་ནི་བཙོག་ཟིང་ཞན་གསུམ་ཡིན་ཞིང་། གད་སྙིགས་གང་སར་སྤུངས་པའི་སྣང་ཚུལ་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་ལ་རྟག་ཏུ་མཐོང་རྒྱུ་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་གྲོང་ཁྱེར་འཆར་འགོད་ལུགས་དང་མི་མཐུན་པ་དང་རྨང་གཞིའི་སྒྲིག་བཀོད་མི་འདང་བ་སོགས་ཀྱིས་རྐྱེན་པས་རེད། རྒྱ་གར་གྱི་《དཔལ་འབྱོར་སྐབས་དོན་ཚགས་པར་》ཐོག་ཉེ་ཆར་གནས་ཚུལ་སྤེལ་བར་གཞིགས་ན། 2014ལོའི་གོང་རྒྱ་གར་གྱི་གྲོང་གསེབ་ཀྱི་སྡོད་ཁང་61%ལ་གསང་སྤྱོད་མེད་པས་མི་མང་པོ་ཞིག་གིས་བཙོག་གཅིན་གང་བྱུང་དུ་གཏོང་གི་ཡོད། དེ་གོང་དབྱིན་ཇིའི“ཆུའི་རོགས་སྐྱོར་རྩ་འཛུགས”ཀྱིས་རྒྱ་གར་གྱི་མི་འབོར་གསུམ་ཆ་གཉིས་ཡན་གྱིས་འཕྲོད་བསྟེན་སྒྲིག་བཀོད་སྤྱོད་ཐུབ་ཀྱི་མེད། དེར་བརྟེན་འཐུང་ཆུ་གཙང་མ་མེད་པ་དང་འཕྲོད་བསྟེན་གྱི་ཁོར་ཡུག་ཞན་པའི་དབང་གིས་ལོ་ལྟར་ལོ་ལྔ་མན་གྱི་བྱིས་པ་ཁྲི་18.6ལྷག་ཙམ་འཁྲུ་ནད་ཕོག་ནས་འཆི་འགྲོ་གི་ཡོད་ཅེས་བཤད་མྱོང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2014ལོའི་ཟླ་བ་ལྔ་པའི་སྙན་ཞུ་ཞིག་ནས་རྒྱ་གར་གྱི་གསང་སྤྱོད་འཆར་འགོད་མི་ལེགས་པས་སྐྱུག་བཤལ་ནད་དང་། རྒྱུ་གཟེར། ཀ་རིགས་མཆིན་ཚད། རྒྱུ་དུག་ཚད་རིམས་སོགས་ཀྱི་འགོས་ནད་ཕོག་སླ་བ་མངོན་ཡོད།
ཀན་ཏི་ཡིས་1927ལོ་ནས་གསང་སྤྱོད་ནི་རྒྱ་གར་གྱི་ཤེས་དཔལ་དང་བདེ་ཐང་གི་དམིགས་ཚད་གཙོ་བོ་ཞིག་རེད་ཅེས་གསུངས་མྱོང་ཡོད། དེའི་ཐད་རྒྱ་གར་གྱི་ཙུང་ལི་མོ་ཏིས་2014ལོའི་ཟླ་བ་དགུ་པ་ནས་བཟུང“གཙང་སྦྲ་དོད་པའི་རྒྱ་གར”གྱི་ལས་འགུལ་འགོ་བཙུགས་ཡོད། ཁོང་གིས“2019ལོར་སླེབས་སྐབས་དང་ཀན་ཏི་འཁྲུངས་ནས་ལོ་150འཁོར་བའི་སྐབས་སུ་གཙང་སྦྲ་དོད་པའི་རྒྱ་གར་ཞིག་བསྐྲུན་རྒྱུ་ནི་ང་ཚོས་ཁོང་ལ་གུས་བཀུར་ཞུ་སྟངས་ཡག་ཤོས་ཤིག་རེད”ཅེས་གསུངས་ནས་མི་ཚང་མས་ལོ་ལྟར་ཉུང་མཐར་ཡང་གཙང་སྦྲ་ཆུ་ཚོད་100བྱ་རྒྱུའི་འབོད་སྐུལ་བྱས་ཡོད། ད་དུང་ཁོང་གིས“ང་ཚོས་རྒྱ་གར་མུ་མཐུད་བཙོག་ཟིང་དུ་འགྱུར་རྒྱུར་བཟོད་སྒོམ་གཏན་ནས་བྱེད་མི་ཐུབ”ཅེས་གསུངས་པ་རེད།
“གཙང་སྦྲ་དོད་པའི་རྒྱ་གར”གྱི་ལས་འགུལ་ཆེད་དུ་རྒྱ་གར་སྲིད་གཞུང་གིས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྤྲོད་ཀྱི་ཡོད། 2017ལོ་ནས་2018ལོ་བར་རྒྱ་གར་གྱིས་ཁྱོན་བསྡོམས་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཁྲི་82དང་ཆུ་མཁོ་འདོན་སྒྲིག་ཆས་ཁྲི་42བསྐྲུན་ཡོད། ནོར་དཔལ་ལོ་གསར་ཤོས་ལ་རྒྱ་གར་གྱིས་ལུའུ་པི་དུང་ཕྱུར་1784.3བཏང་བ་དེ་ནི་ལོ་བཞི་རིང་མ་དངུལ་ཆག་ཐེངས་དང་པོ་རེད། སྔོན་རྩིས་གཞིར་བཟུང་2018ལོ་ནས་2019ལོ་བར་གསང་སྤྱོད་ཁྲི་1880བསྐྲུན་ནས་བཙོག་གཅིན་གང་བྱུང་དུ་གཏོང་བའི་སྣང་ཚུལ་ཐོན་ཚད་20%ནས་10%བར་གཅོག་རྒྱུ་རེད།
རྡི་ལི་སློབ་ཆེན་ཁོར་ཡུག་ཚན་རིག་གི་དགེ་རྒན་ཆེ་མོ་བ་སོ་ཉི་ཡ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར“གཙང་སྦྲ་དོད་པའི་རྒྱ་གར”གྱི་ལས་འགུལ་ནི་རྣམ་གྲངས་ཧ་ཅང་ཡག་པོ་ཞིག་རེད། གོང་དུ་བརྗོད་པའི་གསང་སྤྱོད་མི་སྤྱོད་པའི་གནས་ཚུལ་དངོས་འབྲེལ་ཡོད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་གཞུང་གི་མ་དངུལ་གསང་སྤྱོད་འཛུགས་སྐྲུན་ཐད་སྤྱད་པ་ལས་མི་ཚོའི་འདུ་ཤེས་འགྱུར་ལྡོག་གཏོང་བའི་ཐད་སྤྱད་མེད་པས་རེད། “གཙང་སྦྲ་དོད་པའི་རྒྱ་གར”གྱི་ལས་འགུལ་ལ་མཁོ་ཆེ་ཤོས་ནི་མི་ཚོའི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུ་དེ་རེད་ཅེས་བཤད།