འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།"ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ"འབའ་ཐང་དེ་བས་མཛེས་སྡུག་ལྡན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་དང་འབྲེལ་ཞིང་། འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི“ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ”དང“པི་ཝང་གི་ཕ་ཡུལ”ཞེས་པའི་སྙན་གྲགས་ས་ཕྱོགས་གང་སར་ཁྱབ་པའི་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གིས་ལོ་གཉིས་རིང“འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པའི”སྙིང་སྟོབས་ཀྱིས་ཆུ་དང་རི་བོ་བཅོས་སྒྲིག་བྱས་པས་ས་མཐོའི་གྲོང་ཆུང་དེའི་རི་བོ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་པར་འགྱུར་ནས། ཡུལ་སྐོར་བ་ཇེ་མང་དུ་སོང་སྟེ་ས་མཐོའི་ཁྱད་ལྡན་ཡུལ་སྐོར་གཙོ་བོར་བྱེད་པའི་དུས་བབ་ཡག་ཤོས་སུ་སླེབས་པ་དང་ཆབས་ཅིག་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
            འབའ་ཐང་གི་ཕྲེང་དུ་བརྒྱུད་པའི་རི་བོ་དང་ཤང་ཤང་དུ་རྒྱུག་པའི་གཙང་པོར་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གཏེར་ཁ་དང་བྱེ་མ་སྔོག་འདོན་བྱ་རྒྱུ་དེ་རྫོང་དེའི་ནོར་སྲིད་ཡོང་འབབ་ཀྱི་ཡོང་སྒོ་གཙོ་བོར་གྱུར། འོན་ཀྱང་དེས་ཁོར་ཡུག་ལ་གཏོར་བཤིག་ཐེབས་པ་དང་། རི་སྟེང་གི་སྔོ་ཁེབས་ཉུང་དུ་འགྲོ་བ། གཙང་པོ་ཉག་ཉོག་ཏུ་གྱུར་བ། ཐལ་རྡུལ་མང་པོ་ལངས་པ་བཅས་ཀྱི་མཇུག་འབྲས་ངན་པ་ཐོན་གྱི་ཡོད།
           ཁོར་ཡུག་ལ་གཏོར་བཤིག་ཕོག་སྟབས་འབའ་ཐང་རྫོང་ལ“གཏེར་ཁ་དང་བྱེ་མ་སྔོག་འདོན་བྱེད་པ་དེས་གནས་སྐབས་ཁེ་ཕན་གཏོད་ཐུབ་ཀྱང་ཕུགས་ལ་ཕན་པའི་བྱ་བ་ཞིག་གཏན་ནས་མིན། དེ་ལས་ལྡོག་སྟེ་སྔོ་ཞིང་དྭངས་པའི་རི་ཆུ་སླར་གསོ་བྱ་རྒྱུ་དེ་འབའ་ཐང་གི་རྒྱུ་ནོར་ཏིག་ཏིག་ཡིན་པའི”ངོས་འཛིན་གཏིང་ཟབ་བྱུང་།
           ན་ཟུག་འཇགས་ཀྱང་ན་ཚ་དྲན་པའི་དཔེ་ལྟར་འབའ་ཐང་རྫོང་གིས་གྲོང་ཁྱེར་ཆུང་ངུ་དེའི་འབྱུང་འགྱུར་ལམ་བུར་བསམ་གཞིག་ནན་ཏན་བྱས་རྗེས་ཁོར་ཡུག་བཅོས་སྒྲིག་དང་ཡུལ་སྐོར་དར་རྒྱས་ཞེས་པའི་ཡིག་འབྲུ་བརྒྱད་ཀྱི་ཐབས་ཇུས་བཏོན།
           དེས་ན་བཅོས་སྒྲིག་དང་དར་རྒྱས་མཉམ་དུ་མངོན་འགྱུར་བྱེད་པའི་བྱ་སྤྱོད་འབའ་ཐང་དུ་སྤེལ་འགོ་བཙུགས་ནས་ལོ་གཉིས་ནང་འབའ་ཐང་རྫོང་གིས་ཤ་སེར་དངུལ་གཏེར་དང་འོད་སྐོར་ཨར་འདམ་སོགས་གཏེར་ཁ་སྔོག་འདོན་ཁེ་ལས་3སྒོ་རྒྱག་ཏུ་བཅུག་པ་དང་། འབའ་ཆུ་དང་འབྲི་ཆུའི་རྒྱུད་ཀྱི་བྱེ་མ་སྔོག་འདོན་ཁེ་ལས་བཅོས་སྒྲིག་བྱས་ནས་སྒོ་རྒྱག་ཏུ་བཅུག་ཡོད། “རིར་རྩི་ཤིང་འདེབས་འཛུགས་དང་། ལམ་འགྲམ་དུ་མེ་ཏོག་འདེབས་པ། གཙང་པོ་མཚེའུ་ལ་གྱུར་བ”བཅས་བསམ་ཕྱོགས་སུ་འཛིན་པའི་ཡུལ་སྐོར་དར་རྒྱས་བྱ་སྤྱོད་ཀྱིས་རྒྱལ་ལམ་318རྒྱུད་མེ་ཏོག་གིས་ཁེངས་པ་དང་དེ་སྔའི་རི་རྒོད་ཐོག་སྔོ་ལྗང་རྩི་ཤིང་འཚར་འགོ་ཚུགས་པ་དང་ཉག་ཉོག་གི་གཙང་པོ་དྭངས་མར་གྱུར་ཡོད།
          འབའ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་དབང་ཡུས་ཆུང་གིས“བཅོས་སྒྲིག་དང་དར་རྒྱས་བཏང་ནས་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱེད་ཀྱི་ཡིན”གཏེར་ཁ་འདོན་མི་ཆོག་པ་དེས་དུས་ཐུང་ནང་རྫོང་གི་ནོར་སྲིད་ཡོང་འབབ་ལ་ཤུགས་རྐྱེན་ཆེ་ཙམ་ཐེབས་སྲིད་ཀྱང་ཡུལ་སྐོར་གཙོ་བོར་བྱེད་པའི་ཐོན་ལས་ཀྱི་རྣམ་པ་གསར་པ་མགྱོགས་ནས་མྱུར་དུ་ཆགས་བཞིན་ཡོད་པས་འབའ་ཐང་གི་ཡུན་རིང་འཕེལ་རྒྱས་ལ་ཕན་པ་ཡོད་ཅེས་བཤད།
          “ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱི་མཚན་སྙན་ཡུལ་གྲུ་ཀུན་དུ་ཁྱབ་ཆེད། འབའ་ཐང་རྫོང་གིས་སི་ཁྲོན་ཞིང་ཆེན་གྱི་འཆར་འགོད་སྡེ་ཚན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཡོད། རྫོང་ཡོངས་སུ“སྔོ་ཁེབས”བྱ་སྤྱོད་ཁྱབ་གདལ་གཏོང་བ་དང་ས་ཁོངས་ནང་གི་རྒྱལ་ལམ་དང་། རྫོང་ལམ། རི་རྒོད་བཅས་མཛེས་སུ་གཏོང་བ་ཕུད། ད་དུང་ས་ཁོངས་ནང་གི་གཅེན་གཅུང་མཚོ་དང་། མཚོ་ཕུ་རོང་། དགེ་གཉེར་གནས་རི་བཅས་མཛེས་ལྗོངས་ཁུལ་གསར་སྤེལ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུའང་བཏང་ཡོད། མཛེས་ལྗོངས་ཁུལ་དེ་དག་ཏུ་ཆེད་མངགས་ཡུལ་སྐོར་བྱ་ཡུལ་དང་། ཡུལ་སྐོར་བ་ངལ་གསོ་རྒྱག་ཁུལ། ཞབས་ཞུ་བྱ་ཡུལ་སོགས་བཙུགས་ནས་སྒོ་འཛིན་མི་དགོས་པའི་རང་བྱུང་མཛེས་ལྗོངས་ཁུལ་དེ་དག་དེ་བས་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱས།
         འབའ་ཐང་གི་ཡུལ་སྐོར་ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་དེ་བས་མང་བ་འབའ་ཐང་དུ་ཡོང་གི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་31.2ལ་སྣེ་ལེན་ཞུས་པ་དེ་2012ལོའི་ལྡབ་4ཡིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.32བྱུང་བ་དེ་2012ལོའི་ལྡབ་5ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།