༄༅།།ཀན་ལྷོ་ཀྲོའུ་རྨ་ཆུ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 04ཚེས་16ཉིན། 09:07】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་ཀན་ལྷོའི་རྨ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ“1236”གི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། “1+17+1”གི་གནད་སྨིན་དབུལ་སྐྱོར་ལས་དོན་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། གནད་སྨིན་དབུལ་སྐྱོར་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་པ། རིགས་ཁག་གི་དབུལ་སྐྱོར་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱས་པ། སྣ་མང་ཅན་གྱི་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཧུར་ཐག་སྒྲུབ་པའི་རྣམ་པ་བཟང་པོ་ཞིག་གཏོད་ཡོད།
གནད་སྨིན་དབུལ་སྐྱོར་དེ“ཞིང་ཆུ་ལེབ་གཏོང”ནས“ཐིགས་ཆུ་གཏོང་བའི”བར་འགྱུར་ལྡོག་ཇི་ལྟར་བཏང་ཡོད་དམ། དབུལ་སྐྱོར་གསར་སྤེལ་གྱི་བརྒྱུད་རིམ་ནང་རྨ་ཆུ་རྫོང་གིས“གྲོང་ཚོ་གཅིག་ལ་ཐབས་ཇུས་གཅིག་དང་དུད་ཚང་གཅིག་ལ་ཐབས་ཤེས་གཅིག”ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་ཐོ་བཀོད་པ་དང་། གཅིག་གྱུར་ཐོག་ཡིག་ཚགས་དང་གཱ་བཟོས་པ། གྲོང་ཚོ་དང་དུད་ཚང་རེར་དབུལ་སྐྱོར་འཆར་གཞི་བཏིང་བ་བཅས་བྱས་པས“ཞིང་ཆུ་ལེབ་གཏོང”ནས“ཐིགས་ཆུ་གཏོང་བའི”བར་གྱི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་བ་རེད།
ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་སྤྱད་དེ་དབུལ་སྐྱོར་རྣམ་པ་གསར་གཏོད་ཀྱིས་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཤིང་། འོད་ཤུགས་གློག་གཏོང་དབུལ་སྐྱོར་རྣམ་གྲངས་ལ་དཔལ་འབྱོར་གྱི་ཕན་འབྲས་དང་། སྣོད་བཅུད་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ལྡན་ཡོད། ཕྱོགས་མང་པོའི་ཐོག་ནས་རིགས་པས་ཁུངས་སྐྱེལ་དང་བརྟག་ཞིབ་བྱས་པ་བརྒྱུད། རྫོང་དེས་མ་དངུལ་སྒོར་ཁྲི་758.4བཏང་ནས་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་316ལ་འོད་ཤུགས་གློག་ཁང་བསྐྲུན་ནས་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་རེར་ལོ་ལྟར་གློག་རིན་ཁ་གསབ་སྒོར་3000ཡན་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱས་པ་རེད།
དབུལ་པོར་དབྱེ་འབྱེད་གསལ་པོ་བྱེད་པ་དང་དབུལ་པོར་འགྱུར་རྐྱེན་དབྱེ་ཞིབ་བྱས་ཚེ་གཞི་ནས་གནད་སྨིན་དབུལ་སྐྱོར་ཐུབ་སྟེ་མང་ཚོགས་དབུལ་པོར་དངོས་འབྲེལ་རོགས་སྐྱོར་བྱེད་ཐུབ། རྨ་ཆུ་རྫོང་གིས་མང་ཚོགས་དབུལ་པོའི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་བ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་ནས་འབྲོག་པའི་གནས་སྤོས་ལས་གྲྭ་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་འབྲོག་དུད་107ལ་སྡོད་ཁང་གསར་པ་བརྒྱབ་པ་རེད།
རྫོང་དེས་ད་དུང་མ་དངུལ་སྒོར་ཁྲི་1488གྲབས་གསོག་བྱས་ཏེ་འབྲོག་པ་གཏན་འཇགས་ཁུལ་གྱི་བེད་མེད་དུ་ལུས་པའི་ཁང་པ་107ཚུར་བསྡུས་པ་དང་འབྲེལ། མ་དངུལ་སྒོར་ཁྲི་782བཏང་ནས་སྡོད་ཁང་དེ་དག་གཅིག་གྱུར་ཐོག་ཚད་གཞི་མཐོ་བའི་མཛེས་བཟོ་བྱས་པ་དང་གཅིག་གྱུར་ཐོག་གོས་སྒམ་དང་། ཉལ་ཁྲི། ལྕོག་ཙེ། ཧྲ་ཧྥ་སོགས་ཁྱིམ་ཆས་སྣ་ཚོགས་ཉོས་ནས་འབྲོག་པ་རྣམས་གྲ་སྒྲིག་གང་ཡང་བྱེད་མི་དགོས་པར་འཕྲལ་དུ་ཁང་པའི་ནང་སྤོ་ཐུབ་པ་བྱས་པ་རེད།
རྨ་ཆུ་རྫོང་གི་ཐབས་ཇུས་འདོན་མཁན་ངོས་ནས་བརྗོད་ན། གནད་སྨིན་དབུལ་སྐྱོར་གྱི་ཐོག་མའི་ཆ་རྐྱེན་ནི“གནད་སྨིན”ཡིན། དབུལ་སྐྱོར་ལ“ཞིབ་ཆུ་ལེབ་གཏོང”གི་བྱེད་ཐབས་གཏན་ནས་སྤྱོད་མི་རུང་བར་ཚད་ཡོད་ཀྱི་ཐོན་ཁུངས་དབུལ་ཤོས་ཀྱི་གྲོང་གསེབ་དང་། དཀའ་ངལ་ཆེ་ཤོས་ཀྱི་ཚོགས་སྤྱི། ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་བཅས་ལ་དམིགས་ནས“ཐིགས་ཆུ་གཏོང་བའི”བྱེད་སྟངས་སྤྱོད་དགོས།
མང་ཚོགས་དབུལ་པོའི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་ཆེད། རྨ་ཆུ་རྫོང་གིས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི་185བཀོད་སྒྲིག་བྱས་ཏེ་2015ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་ཐུབ་མེད་པའི་དུད་ཚང་དབུལ་པོ་316ལ་ཧྲ་ཧྥ་དང་། ལྕོག་ཙེ། ལྕགས་ཐབ་སོགས་གཞི་རྩའི་འཚོ་བའི་མཁོ་ཆས་ཉོས་ཏེ་སྤྲད་པ་རེད།
