འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོ་མི་དམངས་ལ་ཀྲུང་གོའི་ཕུགས་འདུན་རླབས་པོ་ཆེ་སྔ་ཙམ་མངོན་འགྱུར་ཐུབ་པའི་
    སྨོན་འདུན་སྙིང་ཐག་པ་ནས་ཞུ”

    —— མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧོ་ལ་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཉེ་བའི་ལོ་ཤས་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་དམངས་འཚོའི་འདུ་འགོད་མང་པོ་ཞིག་ལག་བསྟར་ཡག་པོ་བྱུང་འདུག སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་གྲུབ་འབྲས་ཆེན་པོ་འདི་འདྲ་བླངས་པར་ང་ཚོ་ཧ་ཅང་དགའ་པོ་བྱུང”ཞེས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧོ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ལ་ཞུགས་པ་དང་སྦྲགས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་མ་གནང་གོང་གི་སྔ་ནུབ་ཏུ་ཨུ་ལན་དཔའ་ཐུལ་རྒྱལ་ཁབ་ཕོ་བྲང་དུ་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།
         ཧུའུ་རི་ལེ་སུའུ་ཧོ་ཡིས། ད་རེས་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་གྱི་མཉམ་ལས་དང་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་མཚོན་ན་གལ་འགངས་ཆེན་པོ་ལྡན་པ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་འབྲེལ་བས་མོང་གོལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅེས་བརྗོད་པ་རེད།
         ཧུའུ་རི་ལེ་སུའུ་ཧོ་ཡིས། ཀྲུང་གོའི་གཟིགས་སྐྱོང་དངུལ་བུན་སྤྱོད་བཞིན་པའི་རྣམ་གྲངས་ཆེ་གྲས་དང་གལ་ཆེན་མང་པོ་ཞིག་མོང་གོལ་རྒྱལ་ཁབ་ཏུ་ལག་བསྟར་བརྟན་པོ་བྱེད་བཞིན་ཡོད། ཀྲུང་གོས་མོང་གོལ་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་ཁོངས་དེ་རྨང་གཞིའི་སྒྲིག་བཀོད་སོགས་རྣམ་གྲངས་ཆེ་གྲས་ཁོ་ན་ཙམ་མ་ཡིན་པར་དམངས་འཚོ་དང་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་དང་ཡང་འབྲེལ་བ་ཡོད་ཅེས་བརྗོད་པ་རེད།
         ཧུའུ་རི་ལེ་སུའུ་ཧོ་ཡིས། དམངས་ཁྲོད་སྤེལ་རེས་འཕེལ་རྒྱས་ཧུར་ཐག་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་མཉམ་ལས་བྱེད་པ་ནི། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དམངས་ཁྲོད་ཀྱི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་བར་ཐོག་མར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕར་ཕྱོགས་རྒྱལ་ཁབ་ལ་རྒྱུས་མངའ་ལོན་ཚད་ཟབ་ཏུ་གཏོང་དགོས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་མཉམ་ལས་བྱས་པ་བརྒྱུད་མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཀྲུང་གོའི་རིག་གནས་དང་སྲོལ་རྒྱུན་དང་འཕེལ་རྒྱས་གྲུབ་འབྲས་ལ་རྒྱུས་མངའ་ལོན་ཚད་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
         ཁོང་གིས། མོང་གོལ་རྒྱལ་ཁབ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ཁྱབ་ཁོངས་ནང་གི་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་མཉམ་ལས་ནང་ཧུར་ཐག་ཞུགས་ནས་ཀྲུང་གོ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་མོང་གོལ་རྒྱལ་ཁབ་ངོ་སྤྲོད་དང་དྲིལ་བསྒྲགས་བྱེད་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།
         ཧུའུ་རི་ལེ་སུའུ་ཧོ་ཡིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཟིན་པས། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྤྱིའི་དམིགས་ཚད་དུ་གྱུར་ཡོད་སྟབས། མོང་གོལ་རྒྱལ་ཁབ་ཕྱོགས་ཀྱིས་འདིར་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཧུའུ་རི་ལེ་སུའུ་ཧོ་ཡིས། མཇུག་ཏུ་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་སྔ་ཙམ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཀྲུང་གོའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཨཱ་སི་ཀང་།
      

    ཕྱོགས་བསྡུས་གསར་འགྱུར།