འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་གཉིས་ཕན་མཉམ་
    ལས་ལ་མི་མངོན་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་པ།

    ——ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཚོང་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཚེ་ན་ཐེའར་ལ་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཚོང་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁེ་ལི་སི་ཐུའོ་ཧྥུའུ·མཱ་ཚེ་ན་ཐེའར་གྱིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ལ་མི་མངོན་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
         མཱ་ཚེ་ན་ཐེའར་གྱིས་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པེའར་དང་ཙུང་ལི་ཁུའར་ཚེར་གྱི་ཕེབས་རོགས་འོག་ཀྲུང་གོར་འཚམས་འདྲིར་མ་ཕེབས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་སོགས་དང་འབྲེལ་བ་ཡོད་པ་དང་དེས་འབྲེལ་ཡོད་ས་ཁུལ་གྱི་འཕེལ་རྒྱས་ལ་དཔལ་འབྱོར་གྱི་སྒུལ་ནུས་བསྣན་ཡོད་ཅེས་གསུངས་པ་རེད།
         ཨོ་སི་ཁྲུ་རི་ཡ་ཡོ་རོབ་ཀྱི་ལྟེ་བར་གནས་ཤིང་། ཡོ་རོབ་ཀྱི་ཤར་ནུབ་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་བྱུང་བའི་ཚོང་ལས་ཀྱི་གོ་སྐབས་གལ་ཆེན་གྱི་མདུན་དུ་ཨོ་སི་ཁྲུ་རི་ཡའི་དཔལ་འབྱོར་ལས་རིགས་ཀྱིས་དོ་སྣང་ཆེ་ཤོས་བྱ་ཡུལ་ནི་ཨུ་རུ་སུའི་འཁོར་རྒྱ་ཆེ་བའི་ལྕགས་ལམ་གྱི་ལམ་ཐིག་མིག་སྔའི་སི་ལོ་ཝ་ཁེ་ཡའི་ཁོངས་དང་ཡུག་རེན་མཐའ་མཚམས་ཀྱི་མཐའ་མའི་ས་ཚིགས་ཁོ་ཤིས་ཚེ་ནས་ནུབ་ཏུ་སྤྱི་ལེ་300ལྷག་ཙམ་རིང་དུ་བཏང་སྟེ། ཝི་ཨེན་ནའི་འགྲམ་དུ་སླེབས་པ་བྱ་རྒྱུའི“ཨུ་རུ་སུ——ཡུག་རེན——སི་ལོ་ཝ་ཁེ་ཡ——ཨོ་སི་ཁྲུ་རི་ཡ”བཅས་ཀྱི་འཁོར་རྒྱ་ཆེ་བའི་ལྕགས་ལམ་གྱི་རྣམ་གྲངས་དེ་ཡིན་པ་རེད།
         མཱ་ཚེ་ན་ཐེའར་གྱིས་ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་འཁོར་རྒྱ་ཆེ་བའི་ལྕགས་ལམ་རྣམ་གྲངས་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ངམ་ཡང་ན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི“16+1མཉམ་ལས”ཀྱི་ལམ་སྲོལ་བརྒྱུད་རྣམ་གྲངས་དོན་འཁྱོལ་ལ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         མཱ་ཚེ་ན་ཐེའར་གྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཨེ་ཤེ་ཡ་དབུས་རྒྱུད་ཀྱི་ཁྲོམ་རར་གོ་སྐབས་ཀྱིས་ཁེངས་ཡོད་པའི་ངོས་འཛིན་གནང་བ་དང་ཁོང་གིས་ཨོ་སི་ཁྲུ་རི་ཡའི་ཁེ་ལས་ཀྱིས་ཧ་སག་སི་ཐན་དང་ཨ་ཟེར་བྷེ་ཇན་སོགས་ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་དང་མཉམ་ལས་བྱེད་འདོད་ཆེན་པོ་ཡོད་པ་དང་། ལྷག་པར་དུ་རླུང་ནུས་གློག་ཁང་གསར་སྤེལ་སོགས་བསྐྱར་སྐྱེས་ནུས་རྒྱུའི་ཁྱབ་ཁོངས་ནང་མཉམ་ལས་དེ་བས་ཀྱང་བྱེད་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གིས་འབྲེལ་ཡོད་རྣམ་གྲངས་ཀྱི་འཆར་འགོད་ལག་བསྟར་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅེས་གསུངས་པ་རེད།
         གཞན་ཡང་ཨོ་ཀྲུང་གིས་ཁོར་ཡུག་ཁྱབ་ཁོངས་ཐད་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད། མཱ་ཚེ་ན་ཐེའར་གྱིས་ཕྱོགས་གཉིས་པོས་རྒྱུན་སྲིང་འཕེལ་རྒྱས་དང་། ཁོར་ཡུག་སྲུང་སྐྱོང་། བསྐྱར་སྐྱེའི་ནུས་རྒྱུ་བཅས་སྤྱོད་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པའི་ངོས་འཛིན་གནང་གི་ཡོད། མིག་སྔར་ཨོ་སི་ཁྲུ་རི་ཡའི་གློག་ཤུགས་གསུམ་ཆ་གཅིག་ཡན་བསྐྱར་སྐྱེའི་ནུས་རྒྱུ་ལས་བྱུང་བ་དང་། 2030ལོར་སླེབས་སྐབས་སྔོན་དཔག་བྱས་ན་གློག་ཤུགས་ཚང་མ་བསྐྱར་སྐྱེའི་ནུས་རྒྱུ་ལས་གཏོང་རྒྱུ་ཡིན་པ་རེད། ཀྲུང་གོར་ཡང་འགྲན་སློང་དེ་དང་འདྲ་བ་འཕྲད་ཡོད་ཅིང་། མིག་སྔར་ནུས་རྒྱུ་གསར་པའི་ཐོན་ལས་གསར་སྤེལ་ཤུགས་ཆེན་བྱེད་བཞིན་ཡོད། མཱ་ཚེ་ན་ཐེའར་གྱིས་ཨོ་ཀྲུང་ལ་འགྲན་སློང་གཅིག་པ་འཕྲད་ཡོད་པ་དང་གཉིས་ཀར་ཕན་ཚུན་ཕན་པ་ཐོབ་པའི་ལག་རྩལ་ལྡན་ཡོད་ཅེས་གསུངས་པ་རེད།
         ཨོ་སི་ཁྲུ་རི་ཡའི་གཞུང་ཕྱོགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཨོ་ཀྲུང་གིས་ད་རེས་མཉམ་ལས་གྲོས་མཐུན་30ཙམ་འཇོག་རྒྱུ་དང་འབྲེལ་ཡོད་དངུལ་འབོར་ཡོ་སྒོར་དུང་ཕྱུར་15ཟིན་རྒྱུ་ཡིན་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཤང་དང་ཝང་ཐེང་ཧྥེ།
      

    ཕྱོགས་བསྡུས་གསར་འགྱུར།