འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གིས་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཚོགས་ནས“དྲ་སྦྲེལ+སྨན་བཅོས་བདེ་ཐང”འཕེལ་རྒྱས་གཏོང་བའི་བྱ་ཐབས་གཏན་འཁེལ་གནང་ནས་ནད་གཞི་ལྟ་བ་དང་སྨན་པ་བསྟེན་པའི་དཀའ་གནད་ཞི་ལྷོད་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། སྐྲན་ནད་འགོག་བཅོས་ཀྱི་ཕྱི་རྒྱལ་སྨན་རྫས་ཀྱི་འགག་སྒོའི་ཁྲལ་རྩ་ཆག་དང་གསར་བཟོས་སྨན་རྫས་ནང་འདྲེན་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་གཏན་འབེབས་བྱས་ནས་དམངས་འཚོའི་རེ་སྒུག་དང་བསྟུན་ཏེ་ནད་པར་ཕན་པ་དེ་བས་མང་བ་ཐོབ་པ་བྱ་རྒྱུ། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་དྲང་སྙོམས་ལྡན་ལ་སྤུས་ཚད་ལེགས་པའི་འོས་འགན་སློབ་གསོ་ཐོབ་པ་བྱ་རྒྱུ་བཅས་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། “དྲ་སྦྲེལ+སྨན་བཅོས་བདེ་ཐང”མགྱོགས་མྱུར་འཕེལ་རྒྱས་བཏང་ཚེ། སྨན་བཅོས་ཞབས་ཞུའི་ལས་ཆོད་མཐོ་རུ་འགྲོ་བ་དང་། ནད་པ་གང་སར་སྐྱོད་མི་དགོས་པར་དེ་བས་སྟབས་བདེ་ཡོང་བ། མང་ཚོགས་དེ་བས་མང་བས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་བཅས་བྱེད་ཐུབ། ཚོགས་འདུའི་ཐོག་གཏན་འཁེལ་བྱུང་བ་སྟེ། གཅིག་ནི་རིམ་པ་གཉིས་པ་ཡན་གྱི་སྨན་ཁང་གིས་ཡོངས་ཁྱབ་ངང་དུས་ཚོད་ཁ་ཆད་ཀྱི་ནད་བརྟག་སྨན་བཅོས་དང་བརྟག་དཔྱད་ཀྱི་འབྲས་བུ་བློ་འདྲི་སོགས་དྲ་ཐོག་གི་ཞབས་ཞུ་བསྒྲུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གཉིས་ནི་རྒྱང་བསྟེན་སྨན་བཅོས་རྒྱལ་ཡོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་རྫོང་རིམ་པའི་སྨན་ཁང་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་ནས་ཤར་རྒྱུད་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དབུས་ནུབ་རྒྱུད་ཀྱི་དགོས་མཁོ་དང་སྦྲེལ་མཐུད་ཡོང་བ་བྱེད་པ། གསུམ་ནི་སྨན་བཅོས་སྒྲིག་གཞིའི་སྨན་ཐོ་དང་སྨན་རྫས་སིལ་ཚོང་ཆ་འཕྲིན་མཉམ་སྤྱོད་ཡོང་ཐབས་འཚོལ་ཞིབ་བྱེད་པ་བཅས་རེད།
         རྒྱ་ཆེའི་ནད་པ་དང་ལྷག་པར་དུ་སྐྲན་ནད་ཕོག་པའི་ནད་པའི་སྨན་རིན་མཐོ་བའི་ཁུར་པོ་ཡང་དུ་གཏོང་བ་དང་ཁོང་ཚོས་སྨན་དེ་བས་མང་བ་གདམ་ག་ཡོད་པ་བྱ་ཆེད། ཚོགས་འདུའི་ཐོག་གཏན་འབེབས་བྱས་པ་སྟེ། གཅིག་ནི་2018ལོའི་ཟླ་5ཚེས་1ཉིན་ནས་བཟུང་སྐྲན་ནད་འགོག་བཅོས་ཀྱི་སྨན་རྫས་ཚུད་པའི་སྤྱིར་བཏང་གི་སྨན་རྫས་ཡོངས་དང་། སྐྲན་ནད་འགོག་བཅོས་ཀྱི་ནུས་པ་ལྡན་པའི་སྐྱེ་དངོས་བ་ཚྭ་ཅན་རིགས་ཀྱི་སྨན་རྫས་དང་དེ་བཞིན་དངོས་སུ་ནང་འདྲེན་བྱེད་པའི་ཀྲུང་ལུགས་སྨན་རྫས་ནང་འདྲེན་གྱི་འགག་སྒོའི་ཁྲལ་རྩ་ཆག་བཏང་སྟེ་རང་རྒྱལ་གྱིས་དངོས་སུ་ནང་འདྲེན་བྱེད་པའི་སྐྲན་ནད་འགོག་བཅོས་སྨན་རྫས་ཚང་མའི་འགག་སྒོའི་ཁྲལ་རྩ་ཆག་གཏོང་ཐུབ་པ་དང་། གཉིས་ནི་ཕྱོགས་བསྡུས་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ཏེ་སྲིད་གཞུང་གིས་གཅིག་སྡུད་ཉོ་སྒྲུབ་བྱེད་པ་དང་ནང་འདྲེན་གསར་བཟོས་སྨན་རྫས་དང་ལྷག་པར་དུ་འཕྲལ་མཁོ་ཆེ་བའི་སྐྲན་ནད་འགོག་བཅོས་སྨན་རྫས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་དཀར་ཆག་ནང་འཇུག་པ་སོགས་ཀྱི་བྱེད་སྟངས་སྤྱོད་པ། གསུམ་ནི་གསར་བཟོས་སྨན་རྫས་ནང་འདྲེན་བྱས་ནས་ཁྲོམ་རར་འཚོང་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། བཞི་ནི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྔ་ནི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནང་འདྲེན་བྱེད་དགོས་པའི་སྨན་རྫས་ཀྱི་རྒྱལ་མཚམས་ཕྱི་རོལ་གྱི་ཐོན་སྐྱེད་བྱ་ཡུལ་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྫུན་བཟོ་རྫུན་ཚོང་གི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱ་རྒྱུ་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཡུལ་བབ་དང་བསྟུན་པ་དང་བཀོད་སྒྲིག་ལེགས་པོ་བྱས་ཏེ་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཡག་པོ་གཉེར་ན། སློབ་གསོ་དྲང་སྙོམས་ཡོང་རྒྱུར་ཕན་པ་ཡོད། ཐག་རིང་ལུང་ཁུག་དང་སློབ་མ་ཉུང་བའི་ཁུལ་དུ་སྤྱིར་ན་གྲོང་ཚོར་ལོ་རིམ་དམའ་བའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་གྲོང་དུ་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་གྲྭ་བཙུགས་ཏེ་གྲོང་གསེབ་ཀྱི་ཕྲུ་གུ་ཚོ་ཐག་ཉེ་སར་སློབ་ཞུགས་ཐུབ་པ་དང་གཞིས་ལུས་བྱིས་པར་ལྟ་རྟོག་ཐུབ་པ་བྱེད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།